ཀྲུང་གོའི་ལག་ལེན་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་གི་གདེང་ཚོད་ཆེ་རུ་ཕྱིན་པ།
སའེ་ཡཱ་ཕེང·ཨ་ནུའུ་ལཱ།
“ཀྲུང་གོར་གྲུབ་འབྲས་ཐོབ་ངེས་རེད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་གྲུབ་འབྲས་ཐོབ་ངེས་རེད”རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་ཀྲུང་གོའི་ཉམས་མྱོང་འཛམ་གླིང་ལ་མཉམ་སྤྱོད་གནང་བ་རེད། ཀྲུང་གོའི་ལག་ལེན་ལས་ཚན་རིག་དང་མཐུན་པའི་བྱེད་ཐབས་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་བྱ་སྤྱོད་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོའི་གནད་དོན་ནི་ཐག་གཅོད་ཐུབ་ངེས་ཡིན་པ་ར་སྤྲོད་བྱས་ཡོད། དེ་ནི་ལོ་སི་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་རེད།
2024ལོའི་ཟླ་9པར། ལོ་སི་རྒྱལ་ཁབ་དཔེ་སྐྲུན་འགྲེམས་སྤེལ་ཁང་དང་། ཀྲུང་གོ་ཕྱི་སྐད་དཔེ་སྐྲུན་ཁང་། ཕུའུ་ཅན་མི་དམངས་དཔེ་སྐྲུན་ཁང་བཅས་ཀྱིས་ཐུན་མོང་ཐོག《དབུལ་པོའི་གནས་ལས་སྒྲོལ་བ》ཞེས་པའི་ལོ་སིའི་ཡི་གེའི་པར་གཞི་ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པ་རེད། དཔེ་དེབ་དེའི་པར་ཕུད་འགྲེམས་སྤེལ་བྱེད་སྒོའི་ཐོག་སྐུ་མགྲོན་ཚོས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། གནད་སྨིན་དབུལ་སྐྱོར་དང་། ཐོན་ལས་སྐུལ་ཁྲིད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཐད་ཀྱི་གྲུབ་འབྲས་ཐོབ་པའི་ཀྲུང་གོའི་ཉམས་མྱོང་གིས་ལོ་སིར་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད། སློབ་གསོའི་ཐོན་ཁུངས་ལ་མ་དངུལ་གཏོང་བ་དང་རྩལ་ནུས་གསོ་སྦྱོང་སོགས་ཐད་ཀྱི་ཀྲུང་གོའི་བྱེད་སྟངས་ཀྱིས་ལོ་སིའི་གྲོང་གསེབ་མི་འབོར་གྱི་རྩལ་ནུས་ཆེ་རུ་གཏོང་བ་དང་གྲོང་གསེབ་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔྱད་གཞི་མཁོ་འདོན་བྱས་ཡོད།
《དབུལ་པོའི་གནས་ལས་སྒྲོལ་བ》ཞེས་པའི་ལོ་སིའི་ཡི་གེའི་པར་གཞི་དཔེ་སྐྲུན་བྱས་པ་ནི་ལོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དབུལ་པོ་ཉུང་གཏོང་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། དེས་ལོ་སིར་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་གཉིས་པོས་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་ཐོག་འབད་བརྩོན་བྱས་པ་ཡང་མཚོན་གྱི་ཡོད། དཔེ་དེབ་དེའི་དཔེ་སྐྲུན་ལས་དོན་གྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས། དཔེ་དེབ་དེ་ལས་ལོ་སིའི་མི་དམངས་ལ་བློ་སྒོ་འབྱེད་རྒྱུ་དང་ལོ་སིའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་རམ་འདེགས་ཐུབ་རྒྱུར་རང་ཉིད་ལ་ཡིད་ཆེས་ཡོད། གོམ་སྟབས་རྗེས་མར། ལོ་སིས་ཀྲུང་གོའི་ཉམས་མྱོང་བསྡུ་ལེན་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དབུལ་པོ་ཉུང་གཏོང་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།
ལོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ད་དུང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཕྱོགས་གཉིས་པོས་ཞིང་ལས་དེང་རབས་ཅན་དང་། རྩལ་ནུས་གསོ་སྦྱོང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ཐད་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་ཆོག དཔེར་ན། ཀྲུང་གོའི་ཞིང་ལས་ལག་རྩལ་སྤྱད་དེ་ལོ་སིའི་འབྲུ་རིགས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། དཔལ་འབྱོར་གྱི་གོ་སྐབས་དེ་བས་མང་བ་གཏོད་པ་བཅས་རེད། སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་གྲོང་གསེབ་ཀྱི་མི་འབོར་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་ལས་ལེགས་པའི་སྒོ་ནས་འཚམ་པར་རོགས་རམ་བྱེད་ཐུབ། མཉམ་ལས་དེ་དག་གིས་ལོ་སིའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཐུབ་པ་མ་ཟད། ད་དུང་ལོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་ཐུབ།
(རྩོམ་པ་པོ་ནི་ལོ་སི་རྒྱལ་ཁབ་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་ཁང་གི་ཧྲེ་ཀྲང་ཡིན་པ)