གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཀྱི་ཉིན་གཅིག
ཉིན་དེར་བོད་རང་སྐྱོང་ལྗོངས་ལྷ་རྩེ་རྫོང་མང་ཕུ་ཤང་ཕུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ཁ་པར་རྒྱག་ལེན་ཐེངས་72བྱས་ཡོད།
ཟླ་1ཚེས་15ཉིན་གྱི་ཞོགས་པ་ནམ་ལངས་མ་ཐག་བཀྲ་ཤིས་ལ་ཤང་ཀྲང་གི་ཁ་པར་འབྱོར། “དེ་རིང་ང་ཚོས་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་ནས་སྟབས་བདེའི་ཁང་པ་ཁག་གཅིག་བསྐྲུན་ས་ཚང་མ་གཏན་འཁེལ་བྱེད་ཀྱི་ཡིན”ཞེས་ཁོང་གིས་ལས་ཀའི་སྙན་སེང་ཞུ་ཞོར་ལྭ་རིང་གྱོན་ནས་གུར་གྱི་ཡོལ་བ་ཕྱེ་སྟེ་གྲོང་ཚོ་ཨུ་ལྷན་གྱི་ཕྱོགས་སུ་བསྐྱོད།
གྲོང་ཚོ་ཆེན་པོ་ཞིག་ཡིན་པའི་ཕུ་གྲོང་ཚོའི་གཤམ་འོག་ཏུ་རང་བྱུང་གྲོང་ཚོ་10ཡོད་པ་དང་ཁྱོན་དུད་ཚང་243གྱི་ཡུལ་མི་1108ཡོད་པས་བཀོད་སྒྲིག་འགན་ལེན་གྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་ཕུ་གྲོང་ཚོ་གནས་ཡུལ་ཧ་ཅང་དམིགས་བསལ་ཏེ“ལུང་ཤུར”དུ་གནས་པས་གྲོང་ཚོ་ཡོངས་སུ་སྟབས་བདེའི་ཁང་པ་རྒྱག་པར་འཚམ་པའི་རྒྱ་ཆེ་ལ་ཁོད་སྙོམས་པའི་ས་ཆ་ཞིག་ཧ་ཅང་རྙེད་ཁག་པོ་ཡོད།
ཉིན་གཉིས་ནང་གནད་དོན་དེས་བཀྲ་ཤིས་ལ་སེམས་ཁྲལ་ཆེན་པོ་བཟོས། ལམ་དུ་སྐྱོད་སྐབས་ཁོང་གིས“སྲིད་ཇུས་ནང་སྟབས་བདེའི་ཁང་པ་རྨོ་ཞིང་སྟེང་བསྐྲུན་མི་ཆོག་པའི་གཏན་འབེབས་བྱས་མོད། འོན་ཀྱང་ཡུལ་མི་ཚོས་སྟབས་བདེའི་ཁང་པ་རང་སོ་སོའི་ཁང་པའི་འགྲམ་དུ་སྐྲུན་འདོད་བྱེད་ཀྱི་ཡོད་པས། བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཧ་ཅང་ཆེན་པོ་ཡོད”ཅེས་རྟག་ཏུ་ཤོད་ཀྱི་ཡོད།
“ཁ་སང་དགོང་མོར་ང་ལ་ཐབས་ཤེས་ཤིག་རྙེད་བྱུང”ཞེས་བཀྲ་ཤིས་ཀྱིས་གྲོང་ཚོ་ཨུ་ལྷན་གྱིས་མ་གཞི་ས་སྟོང་ཁ་ཤས་བདམས་ནས་སྟབས་བདེའི་ཁང་པ་བསྐྲུན་ས་བྱས་མོད། འོན་ཀྱང་ཉིན་གཉིས་གོང་རྫོང་གྲོང་མ་འཇོག་ཀུང་སིས་ཚོད་སྐོར་བྱས་ནས་ས་ཆ་གཟར་བ་མ་ཟད། ད་དུང་ཆུ་རུད་སོགས་ཀྱི་གནོད་འཚེ་ཕོག་ཉེན་ཡོད་པའི་ངོས་འཛིན་བྱས་ཡོད། “བསམ་བློ་ཡང་སྐོར་བསྐྱར་སྐོར་བཏང་རྗེས་རྒྱ་ཆེ་ཤོས་དང་། ཁོད་སྙོམས་ཤོས། ཁོར་ཡུག་བདེ་འཇགས་ཚ་ཤོས་བཅས་ཀྱི་ས་ཆ་དེ་གཡུལ་ཁ་མ་གཏོགས་ལྷག་མེད། དེ་རིང་ས་ཡུལ་དངོས་སུ་བསྐྱོད་ནས་ས་ཆ་གཏན་འཁེལ་བྱེད་ཀྱི་ཡིན”ཞེས་བརྗོད།
གྲོང་ཚོ་ཨུ་ལྷན་དུ་འབྱོར་སྐབས་བཀྲ་ཤིས་ཀྱིས་བྲེལ་འཚུབ་ཆེན་པོས“སྔ་དྲོ་ཁེ་ལས་ཀྱིས་ཞལ་འདེབས་བརྒྱབ་པའི་དྲོད་འཛིན་ཕོར་པ་དང་གློག་གསོག་འབོ་སྐྱེལ་བར་ཡོང་གི་རེད། སྐབས་དེ་དུས་ཚང་མས་བང་ཡག་པོ་བསྒྲིགས་ནས་ལེན་པར་ཡོང་རོགས”ཞེས་བརྗོད།
སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀར། རྫོང་དུ་བརྙན་ལམ་ཚོགས་འདུ་འཚོགས་པ་དང་བཀྲ་ཤིས་ཀྱིས་ཚོགས་འདུ་མ་འཚོགས་གོང་སྒོ་ང་གཅིག་དང་ཕག་ཉྭ་བསྙལ་མ་ཞིག་བཟས་ནས་ཞོགས་ཟས་ཀྱིས་ཚབ་བྱས།
ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བའི་ཚོགས་འདུའི་རིང་བཀྲ་ཤིས་ལ་ཁ་པར་མང་པོ་འབྱོར།
“ངའི་ཁྱིམ་གྱི་འདྲུད་འཐེན་འཕྲུལ་འཁོར་རྡོ་ཟགས་ནས་ཆག་འདུག་པས་འགན་བཅོལ་ཀུང་སིས་སྐྱིན་ཚབ་འཇལ་གྱི་རེད་དམ”
“ཧྲུའུ་ཅི་ལགས། གུར་ཆེན་པོ་མེད་པས་ངས་ཁང་པའི་ནང་ནས་དབོར་བའི་ནས་དང་ནང་ཆས་འཇོག་ས་མི་འདུག”ལ་སོགས་པ་གྲོང་མི་ཚོས་བརྒྱབ་པའི་ཁ་པར་རེ་རེ་ལ་བཀྲ་ཤིས་ཀྱིས་ངང་རྒྱུད་རིང་པོས་ལན་རྒྱག་པའམ་ཡང་ན་ཐག་གཅོད་བྱེད་ཀྱི་ཡོད།
ཉིན་གུང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་ཚུལ་ཁྲིམས་བཟང་པོ་ཡོང་ནས“ང་ཚོའི་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལ་གནོད་སྐྱོན་བྱུང་མིན་དང་། གལ་ཏེ་གྲལ་བཤེར་བྱས་རྗེས་དོན་དངོས་ཡིན་ཚེ་ང་ཚོས་གཅིག་གྱུར་ངང་རྣམ་གྲངས་རྒྱབ་སྐྱོར་གྱི་རེ་ཞུ་འབུལ་ཆོག”ཅེས་བརྗོད།
“གྲོང་ཚོའི་རྨོ་ཞིང་ལ་ཆུ་གཏོང་བའི་ཆུ་ཡུར་གས་འདུག ཁྱེད་རང་ང་དང་མཉམ་དུ་གཟིགས་པར་ཕེབས་དང”ཞེས་བཤད་རྗེས་ཕོར་པའི་ནང་གི་རྩམ་པ་ཡང་ཡག་པོ་ཟ་ཁོམ་མ་བྱུང་བའི་བཀྲ་ཤིས་བྲེལ་འཚུབ་ངང་ཡར་ལངས་ནས་ཕྱི་དྲོའི་ལས་ཀ་བྱེད་འགོ་བརྩམས།
ཆུ་ཡུར་གྱི་གྲངས་གཞི་ཚད་འཇལ་དང་སྲ་བརྟན་དུ་གཏོང་བའི་ཇུས་གཞིར་གྲོས་བསྡུར་བྱས་ཏེ་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་བསྐྱལ་རྗེས་བཀྲ་ཤིས་ཀྱིས་འཕྲལ་དུ་བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་པ་ལྷག་པར་ཁ་པར་བརྒྱབ་ནས“གྲོང་ཚོའི་སྟབས་བདེའི་ཁང་པ་300ཚང་མ་བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པས་སྐྲུན་རོགས་བྱེད་ཀྱི་ཡོད། ཏོག་ཙམ་ནས་ཁོང་ཚོ་འདི་གར་ལྟ་ཞིབ་ཚད་ལེན་བྱེད་པར་ཡོང་གི་རེད”ཅེས་བརྗོད།
ཕྱི་དྲོའི་ཆུ་ཚོད་3པ་ལྷག་ཙམ་ལ་བཀྲ་ཤིས་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཀརྨ་བཀྲ་ཤིས་གཡུལ་ཁར་བསྐྱོད།
ལམ་བར་དུ་ཀྲུང་གོ་མི་དམངས་འགན་བཅོལ་ཀུང་སིའི་ལས་དོན་པ་འཕྲད། “ཧྲུའུ་ཅི་ལགས། འདི་ནི་གྲོང་ཚོའི་ཁང་པའི་རེའུ་མིག་ཡིན། ང་ཚོས་ཉིན་གཉིས་རིང་ཁྱིམ་ཚང་སོ་སོའི་གནོད་སྐྱོན་ཕོག་ཚད་ལ་བསྡོམས་རྩིས་རྒྱག་རྒྱུ་དང་ཚང་མར་མིང་རྟགས་འགོད་དུ་འཇུག་གི་ཡིན”ཞེས་བཤད་པར་བཀྲ་ཤིས་ཀྱིས“ངས་ནུས་ཤུགས་ཡོད་རྒུས་འབྲེལ་གཏུག་དང་བསྡོམས་རྩིས་རྒྱག་རོགས་བྱེད་ཀྱི་ཡིན”ཞེས་ཚིག་ཐག་ཆོད་པོས་བརྗོད།
བཀྲ་ཤིས་ཀྱིས་བྱ་བ་ཆེ་ཆུང་ཚང་མ་རང་ཉིད་ཀྱི་ཕྲག་ཏུ་འཁུར་བས་བྲེལ་འཚུབ་ཆེ་ཤོས་སྐབས་ཁ་ལག་ཀྱང་ཟ་ཁོམ་མེད་པ་རེད།
དགོང་མོའི་ཆུ་ཚོད་དགུ་པར་ལས་དོན་ཁག་གནས་སྐབས་མཇུག་བསྒྲིལ་རྗེས་བཀྲ་ཤིས་ཐད་ཀར་ཁྱིམ་དུ་མ་ལོག་པར་ཉེ་འགྲམ་གྱི་རང་བྱུང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་ཞིག་ཏུ་བསྐྱོད། “སྔ་དྲོ་རྫོང་གི་ཁ་པར་ཚོགས་འདུའི་ཐོག་ང་ཚོར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་གུར་ཚང་མར་ཐབ་ཡོད་པ་བྱེད་དགོས་པའི་རེ་བ་བཏོན་ཡོད། དེར་བརྟེན་ང་རང་བློ་བདེ་པོ་མ་བྱུང་བས་ཡང་བསྐྱར་གཅིག་བལྟ་བར་འགྲོ་གི་ཡིན”ཞེས་བཀྲ་ཤིས་ཀྱིས་བརྗོད།
བཀྲ་ཤིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གྲོང་མིའི་བདེ་སྡུག་སེམས་ནང་འཆང་བཞིན་ཁོང་གིས“ཛ་དྲག་གི་དུས་ཚོད་འདི་འདྲར་མི་སེར་ལ་ང་ཚོ་དེ་བས་མཁོ་གི་ཡོད། ཚང་མ་སྔ་ཙམ་དྲོ་སོབ་སོབ་ཀྱི་སྟབས་བདེའི་ཁང་པའི་ནང་སྡོད་རྒྱུ་བྱུང་ན་བསམ་གྱི་འདུག དེ་རིང་ས་ཆ་ཚང་མ་གཏན་འཁེལ་བྱས་ཟིན་པས་གཞི་ནས་གཉིད་ལྷོད་ལྷོད་ཅིག་ཁུག་རྒྱུ་ཡོད”ཅེས་བརྗོད།