གསང་མིག་ཏུ་སྦས་པའི་དབྱིག་ནོར།
ཆུ་མིག་རོང་བང་སོ་དང་པོ་ནས་ཐོན་པའི་རྒྱལ་པོའི་ཅོད་པན་སྲུང་སྐྱོབ་དང་ཉམས་གསོ་བྱས་པའི་སྐོར་བཀོད་པ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་གི་ཆུ་མིག་རོང་བང་སོའི་དུར་ཁང་རྒྱབ་ཀྱི་ནུབ་ངོས་པུར་སྒམ་ཕྱིའི་དུར་ཁུང་གི་གྱང་ལྡེབས་སུ་ཁ་བསྡམས་ནས་སྦས་པའི་གསང་མིག་ཅིག་ཡོད་ཅིང་། གསང་མིག་དེ་ཁ་ཕྱེ་བ་ན་ཤིང་སྒམ་ནར་མོ་ཞིག་མིག་ལམ་དུ་མངོན། གནའ་རྫས་རྟོག་ཞིབ་པས་གཟབ་གཟབ་ངང་རིམ་པས་བརྩེགས་པའི་ས་རྡོ་གཙང་སེལ་བྱས་རྗེས་གསེར་དངུལ་གྱི་གཟི་འོད་ཕྲ་མོ་ཞིག་འཕྲོས་འོང་།
གཟི་འོད་དེ་ནི་བྱ་འབྲུག་དང་སེང་གེའི་དངུལ་ཤན་བརྒྱབ་པའི་གསེར་གྱི་ཅོད་པན་གྲུ་བཞི་ཞིག་ནས་འཕྲོས་འོང་བ་རེད། ཅོད་པན་གྱི་རྒྱབ་མདུན་དུ་གཤོག་འབྲུག་ཁ་སྤྲོད་དུ་བརྒྱན་པ་དང་དེའི་ངོས་གཉིས་སུ་བྱ་རྒྱལ་ཁྱུང་བཀོད་པ་དང་། རྒྱབ་ངོས་སུ་སེང་གེ་ཁ་སྤྲོད་བཀོད་པ། མཐའ་འཁོར་དུ་རིན་ཆེན་ཕ་ལམ་སྣ་ཚོགས་ཀྱི་ཁྲ་བཏབ་པ། ནང་ངོས་སུ་གོས་ཆེན་བཏང་བ། ཅོད་པན་གྱི་མདུན་ངོས་སུ་མུ་ཏིག་གི་རྡོ་ཤལ་འཕྱང་ཕྲུལ་དུ་གློད་པ་ཞིག་ཡོད། དེ་སྔ་མཐོང་དཀོན་པའི་གནའ་རྫས་རྟོག་ཞིབ་ཀྱི་འཚོལ་རྙེད་འདིས་མི་རྣམས་ལ་དགའ་སྤྲོ་དཔག་མེད་སྐྱེས། ཡིན་ནའང་། ལྕགས་རིགས་ཀྱི་ཆ་ཤས་དེ་དག་གཡའ་བརྒྱབ་པ་དང་། ཁྲ་བཏབ་པའི་རིན་ཆེན་ཕ་ལམ་མུག་ཟས་ཐེབས་ནས་གོག་པ། འཁེལ་འཐག་ཆ་ཤས་ཀྱང་ཧ་ལམ་རྩབ་ཧྲལ་དུ་སོང་བ་སོགས་ཅོད་པན་དེ་ཉིད་སྲུང་སྐྱོབ་དང་ཉམས་གསོ་བྱེད་དགོས་ཀྱི་ཡོད་པ་རེད། ཅོད་པན་དེའི་མ་དབྱིབས་ཀྱི་མཐུག་ཚད་ལ་ཝེ་སྨི་200ལས་མ་ཟིན་པས་ཧ་ལམ་A4ཤོག་བུ་3གྱི་མཐུག་ཚད་དང་འདྲ་པོ་ཡོད། དེ་བས་བྱེད་དཀའ་བ་ཞིག་ལ་གསེར་དངུལ་བཏང་བའི་ངོས་མང་ཆེ་བར་གཡའ་བརྒྱབ་པ་མ་ཟད། ཆ་ཤས་འོག་མར་མུག་ཟས་ཚབས་ཆེན་སོང་བས་ཐུག་ཙམ་བྱས་ན་ཞིག་ཉེན་ཆེ།
ཉམས་གསོ་བྱ་རྒྱུ་ནི་ཤིན་ཏུ་དཀའ་བ་ཞིག་རེད། ཅོད་པན་མདུན་ངོས་ཀྱི་མུ་ཏིག་རྒྱུས་སའི་དར་སྐུད་སྔ་ས་ནས་མུག་ཟས་ཐེབས་པར་བརྟེན། སྟར་ལ་རྒྱུས་པའི་མུ་ཏིག་རྣམས་ནམ་མཁའི་སྐར་ཚོགས་ལྟར་ཐོར་ནས་ཤིང་སྒམ་མཐིལ་དུ་ཟགས། ཚོད་ལྟ་ཁང་དུ་ང་ཚོས་མུ་ཏིག་རྡོག་པོ་རེ་རེ་བཞིན་གཙང་ཕྱིས་བརྒྱབ་ནས་རང་སོར་བཞག མུ་ཏིག་ཚང་མར་རིམ་པ་བཞིན་དབྱེ་གསེས་དང་ཉམས་གསོ་བྱས་པ་བརྒྱུད། མུ་ཏིག་རེ་རེའི་སྟར་རིམ་དང་མཐུད་འབྲེལ་གསལ་པོ་བྱུང་ཞིང་། དབྱེ་ཞིབ་དང་སོར་བཞག་གི་ལས་དོན་ཞིབ་ཚགས་བསྒྲུབས་པ་བརྒྱུད། མཐར་རྡོ་ཤལ་དུ་རྒྱུ་སྟངས་སོར་དུ་ཆུད།
རྡོ་ཤལ་རྒྱུ་སྟངས་ཐད་མུ་ཏིག་ཆེ་བ་དང་ཆུང་བ་དང་། གཡུ། ལྕགས་རྡོ་སྔོན་པོ། སེ་འབྲུ་རྡོ་སོགས་རྒྱུ་ཆ་མང་པོ་སྤྱད་ཅིང་། ཕྲེང་སྟར་མཛེས་ལ་རྒྱུ་སྟངས་རྙོག་འཛིང་ཆེ་བས་ཅོད་པན་གྱི་རྩ་ཆེ་ཞིང་ངོ་མཚར་བའི་མཛེས་ཉམས་གསལ་ལེར་མངོན། གཙང་ཕྱིས་དང་ཞིབ་བཤེར་ཐེངས་མང་བྱས་རྗེས་སེ་འབྲུ་རྡོ་གཅིག་ཆད་པ་དང་། ཚང་མས་དེ་ནི་ལོ་ཟླའི་ཆུ་རྒྱུན་རིང་མོའི་ནང་བོར་བརླགས་སོང་བའི་ངོས་འཛིན་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་འགའ་སོང་རྗེས་གནའ་རྫས་རྟོག་ཞིབ་ཀྱི་ཚན་རྩལ་དང་ཚོད་ལྟ་ལྟེ་གནས་ནས་གཏམ་བཟང་གྲགས་པ་སྟེ། སྐྱེ་དངོས་གནའ་རྫས་རྟོག་ཞིབ་ཚོད་ལྟ་ཁང་གི་ཀྲུང་ཧྭ་ཡིས་ཤིང་སྒམ་མཐིལ་གྱི་སྐྱེ་དངོས་ལྷག་འཕྲོར་ཞིབ་འཇུག་བྱེད་སྐབས་སེ་འབྲུ་རྡོ་ཞིག་མཐོང་བ་དེ་ནི་ཆད་པའི་ནོར་རྡོ་དེ་དང་རྦད་དེ་འཚམ་གྱི་ཡོད་པས། བརླགས་པའི་ནོར་རྡོ་དེའང་ཆ་ཚང་བར་གྱུར།
(རྩོམ་པ་པོའི་ལས་ཁུངས། ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་ཁང་ཚན་རྩལ་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་གཙོ་གནད་ཚོད་ལྟ་ཁང)