རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་ཚེ་རིང་གིས་གསུངས་དོན།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁུར་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
འདི་ནི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་ཚེ་རིང་ཡིན་པ།
“ལྷོ་ཁ་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར)གཞན་དང་བསྡུར་ཚེ། རྒྱ་ཚ་རྫོང་གི་ས་བབ་ཅུང་དམའ་བས། དེར་སྐྱེ་དངོས་སྐྱེ་འཚར་ཡག་པོ་ཡོང་གི་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད། ང་ཚོས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། སྡོད་མལ་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ཡོད། མིག་སྔའི་བར། རྫོང་ཡོངས་ལ་ནགས་ཚལ་ཁེབས་ཁྱོན་34%དང་། ནགས་སའི་རྒྱ་ཁྱོན་སྤྱི་ཆིང་མུའུ་ཁྲི་19.46ཟིན་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་སྐལ་བཟང་ཚེ་རིང་གིས་གསུངས།
ཉེ་བའི་ལོ་ཤས་རིང་། སྐལ་བཟང་ཚེ་རིང་གིས་རྫོང་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མངོན་གསལ་དོད་སར་བཞག་སྟེ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་བཏོན་པའི“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཐོ་ས་གཏོད་པའི”དམིགས་ཚད་ལ་དམིགས་ནས། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་། གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇཌ་སྲུང་བཅད་བརྟན་པོ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་པར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
སྐལ་བཟང་ཚེ་རིང་གིས། མིག་སྔར། རྒྱ་ཚ་རྫོང་གི་ཁོར་ཡུག་སྤུས་ཚད་སྤྱིར་ན་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་ཚད་གཞི་ཁག་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་བརྒལ་ཡོད། འཚོ་བའི་གད་སྙིགས་གཙང་སེལ་མ་ལག་རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར་ཁྱབ་གདལ་ཐུབ་སྟེ། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཤང་དང་གྲོང་རྡལ་4དང་དཔེ་སྟོན་གྲོང་ཚོ་55བཙུགས་ཡོད། 2024ལོར་ལྷོ་ཁ་གྲོང་ཁྱེར་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ས་གནས་ཀྱི་སྐུལ་སྤེལ་ཚོགས་འདུ་རྒྱ་ཚ་རྫོང་ལ་འཚོགས་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཐོབ་པའི་རྒྱ་ཚ་རྫོང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཐོབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པས། གོམ་སྟབས་རྗེས་མར། ངས་རྫོང་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ནས་དགུང་སྔོན་པོ་དང་། རི་བོ་སྔོ་བ། ཆུ་མོ་དྭངས་བ་བཅས་ཡོང་བར་བྱས་ཏེ། རྒྱ་ཚ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བརྟན་པོའི་ངང་འཕར་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་མི་དམངས་ཀྱི་ཡིད་ཆེས་དང་རེ་སྒུག་ཆུད་ཟོས་སུ་གཏོང་གི་མིན”ཞེས་གསུངས་པ་རེད།