རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་འཛིན་གྱིས་གསུངས་དོན།
ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་འཛིན་ཡིན་པ།
ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་ཤིང་། ཚོགས་འདུའི་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལྷ་འཛིན་གྱིས་ལས་རིགས་ཁག་གི་མི་སྣ་དང་སྤེལ་རེས་རྒྱ་ཁྱབ་གནང་བ་མ་ཟད། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་ལ་གྲོས་བསྡུར་གཏིང་ཟབ་གནང་བ་རེད།
ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱེད་སྐབས། ཁོང་གིས་བརྟག་ཞིབ་གྲུབ་འབྲས་དང་ལས་དོན་དངོས་ཟུང་འབྲེལ་བྱས་ཏེ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། ལྷ་འཛིན་གྱིས་གསར་འགོད་པར། “འདས་ཟིན་པའི་ལོ་གཅིག་ནང་། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱིས། རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ཏེ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ནས། བརྟག་དཔྱད་བཅར་འདྲི་དང་དམངས་ཀྱི་བསམ་འཆར་ཉན་ཏེ‘ས་གཞི་སྔོ་ལྗང་གིས་བརྒྱན་ཐུབ་པ་དང་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག’སོགས་ཀྱི་བརྟག་ཞིབ་དཔྱད་ཡིག་བྲིས་པ་མ་ཟད། སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་ཏེ་སྤེལ་བའི་ཐོན་ལས་འཕེལ་རྒྱས་ཀྱི་བརྟག་ཞིབ་ལས་དོན་ལ་ཞུགས་པ་ཡིན”ཞེས་གསུངས།
འདི་ལོའི་ཚོགས་འདུ་གཉིས་རིང་། ལྷ་འཛིན་གྱིས“ལྗོངས་ཡོངས་ཀྱི་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་དང་བྱེ་འགོག་བྱེ་བཅོས་ལ་ནོར་སྲིད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར”གྱི་གྲོས་གཞི་བསྣམས་ཡོད། ལྷ་འཛིན་གྱིས“བོད་ཀྱི་ཐང་རྒོད་ཅན་དང་བྱེ་འགྱུར་གྱི་བརྟག་དཔྱད་ཐེངས་དྲུག་པའི་འབྲས་བུ་ལྟར་ན། བོད་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་བསྡོམས་སྤྱི་ཆིང་ཁྲི་2096.12ཟིན་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། ད་ཆ་བཅོས་དགོས་པའི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་226.68ཟིན་པ་དེས་ལྗོངས་ཡོངས་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་གྱི་10.81%བཟུང་ཡོད། མིག་སྔར། བོད་རང་སྐྱོང་ལྗོངས་ས་གནས་ནོར་སྲིད་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་རྣམ་གྲངས་ཀྱི་ལེ་ལག་མ་དངུལ་ད་དུང་བཀོད་སྒྲིག་བྱས་མེད་པས། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་བྱེ་འགོག་བྱེ་བཅོས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་མང་དུ་གཏོང་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།