རི་སྔོན་ཆུ་དྭངས་ལྷག་པར་མཛེས། གསེར་རི་དངུལ་རིས་བདེ་སྐྱིད་སྐྲུན།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་ལྷུག་པོར་གླེང་བ།
བོད་ཀྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད།
2024ལོར་རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་སྣ་མང་སྤྱད་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་བ། ས་མཐོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་གུན་གསབ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ཧུར་ཐག་བྱས་ཏེ་མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ས་ཁོངས་བརྒལ་བའི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས། བཅའ་ཁྲིམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་བྱུང་ཡོད། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་སོགས་གྲོང་ཁྱེར་བཞིས《ཡར་ཀླུང་གཙང་པོའི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིག》སོ་སོར་བཏོན་པ་དང་འབྲེལ་ལག་བསྟར་ཡང་བྱས་པ་རེད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡང་རེད། རང་ལྗོངས་ཀྱིས་ས་མཐོའི་དགུང་སྔོན་ཆུ་དྭངས་དང་ས་གཙང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
ཇི་ལྟར་བྱས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་སྔར་བས་ལེགས་པ་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་གནང་བ་རེད།
“ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ན། ལམ་ལུགས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་དང་། ལམ་ལུགས་མཁོ་སྤྲོད་བྱེད་མང་དུ་གཏོང་བ། ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཞིང་ཆེན་དབར་དང་དེ་བཞིན་ལྗོངས་ནང་ཁུལ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་གུན་གསབ་གནད་དོན་ནི་ངས་དོ་ཁུར་བྱེད་པའི་གཙོ་གནད་ཡིན། རང་ལྗོངས་ཀྱིས་དེ་སྔ་ནག་ཆུ་གྲོང་ཁྱེར་ནས་རྫོང་4བདམས་ཏེ་དུས་ཡུན་ལོ་གསུམ་གྱི་ལྗོངས་ནང་ཁུལ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་གུན་གསབ་ཚོད་ལྟ་བྱས་པ་དང་། ང་ཚོས་ཀྱང་ད་ལྟ་གཙང་པོ་དང་ཆུ་བོ་ཆེན་པོ་དང་ལྷག་པར་དུ་རྨ་ཆུ་མཚོན་བྱེད་དུ་བྱས་པའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་གུན་གསབ་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་ཕྱིན་པར་དོ་སྣང་བྱུང་། དེའི་ཐད་རང་ལྗོངས་ཀྱིས་ཞིང་ཆེན་དབར་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་འབབ་རྒྱུད་དུ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་གུན་གསབ་ལམ་སྲོལ་བཙུགས་ནས་སྐྱེ་ཁམས་གུན་གསབ་དེ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་གྱི་རྨང་གཞིའི་ཐོག་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོའི་ས་ཁོངས་ཁག་གཅིག་ལ་སྐྱེ་ཁམས་སྲུང་སྐྱོང་དང་སྤོ་སྒྱུར་གཏོང་སྤྲོད་བྱེད་པ་དང་དགོས་ངེས་ཀྱི་སྐབས་སུ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་གུན་གསབ་བྱས་ནས་རྩྭ་ཁ་བཀག་པ་དང་སྐྱས་སྤོས་ཀྱི་མི་སེར་རྣམས་དེ་བས་ལེགས་པའི་འཚོ་བར་རོལ་ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཀྲང་ཅུན་གྱིས་ངོ་སྤྲོད་གནང་།
2024ལོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་དང་། ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི། ཀྲུང་གོ་ཉིང་རྡུལ(བོད་ལྗོངས)ནུས་རྒྱུ་འཕེལ་རྒྱས་ཚད་ཡོད་ཀུང་སི། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སི་སོགས་བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་འགུལ་ངང་ཆེད་དོན་བགྲོ་གླེང་ཐེངས་གཉིས་བྱས་པ་རེད།
“དུས་ཡུན་ལོ་གསུམ་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་མ་ལག་གསར་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་འཆར་འགོད་ཇུས་གཞི་ཞིག་གྲུབ་པའི་ནང་ཞིབ་ཕྲའི་རྣམ་གྲངས་ཡོད་པར་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་2000ཙམ་ཟིན་ཡོད” རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀུང་ཏུང་ཁྲང་གིས“བོད་ཀྱི་ནུས་རྒྱུ་གསར་པ་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་རང་ངོས་ཀྱི་ནུས་སྤྱོད་གནད་དོན་ཐག་གཅོད་བྱེད་པར་མིག་སྔར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཚད་མཐོའི་ཁས་ལེན་དང་མཐོང་ཆེན་གནང་ཡོད། གོམ་སྟབས་རྗེས་མར། བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ཁག་གིས་འཆར་འགོད་ཇུས་གཞི་སྐུལ་སྤེལ་དང་དོན་འཁྱོལ་ཡག་པོ་བྱ་རྒྱུ་རེད”ཅེས་གསུངས་པ་རེད།