ཉིན་རེའི་ཆ་སྙོམས་དངོས་ཟོག་དུང་ཕྱུར་6.7ལས་བརྒལ་ནས་ལོ་གསར་གྱི་དངོས་ཟོག་བསྐུར་སྐྱེལ་བྱེད་ཚད་མཐོ་ཤོས་སུ་སླེབས་པ།
● 2025ལོར་སླེབས་ཚུན་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་ཉིན་རེར་ཆ་སྙོམས་བསྐུར་མ་དུང་ཕྱུར་5.5ལས་བརྒལ་བ།
● དཔྱིད་གསར་སྐྱེལ་འདྲེན་བྱས་མ་ཐག་གི་ཉིན་གསུམ(ཟླ་1ཚེས་14ནས་ཚེས་16ཉིན་བར)ནང་རྒྱལ་ཡོངས་ཀྱི་ཉིན་རེར་ཆ་སྙོམས་བསྐུར་མ་དུང་ཕྱུར་6.7ལས་བརྒལ་ནས་དུས་མཚུངས་ལས་29%ལྷག་ཙམ་འཕར་ཡོད།
ཚེས་17ཉིན། གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱས་པར། 2025ལོར་སླེབས་ཚུན། རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་ཉིན་རེར་ཆ་སྙོམས་བསྐུར་མ་དུང་ཕྱུར་5.5ལས་བརྒལ་ཞིང་། ལྷག་པར་དུ་དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་རྗེས་ལོ་གསར་གྱི་དངོས་ཟོག་བསྐུར་སྐྱེལ་གྱི་དགོས་མཁོ་ཆེ་རུ་ཕྱིན་ནས་བསྐུར་མའི་གྲངས་འབོར་རྒྱུན་མཐུད་འཕར་བར་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། དཔྱིད་གསར་སྐྱེལ་འདྲེན་བྱས་མ་ཐག་གི་ཉིན་གསུམ(ཟླ་1ཚེས་14ནས་ཚེས་16ཉིན་བར)ནང་རྒྱལ་ཡོངས་ཀྱི་ཉིན་རེར་ཆ་སྙོམས་བསྐུར་མ་དུང་ཕྱུར་6.7ལས་བརྒལ་ནས་དུས་མཚུངས་ལས་29%ལྷག་ཙམ་འཕར་ཡོད་པ་རེད།
ཁྱད་ལྡན་ཐོན་རྫས་དང་དུས་ཆེན་རིང་བསྐུར་སྐྱེལ་གྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་ཞིང་ལས་ཐོན་རྫས་རྒྱུན་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། ཚགས་ཤ་དང་། ལུག་ཤ མཚོ་ཟས། ཤིང་ཏོག་སོགས་ཐོན་རྫས་སོས་པ་བསྐུར་སྐྱེལ་བྱེད་ཚད་ཧ་ཅང་མང་དུ་ཕྱིན་ཡོད། ཧྲའན་ཤིས་ཧྥུའུ་ཕིང་དུ་ཉིན་རེར་ཧྥུའུ་ཕིང་གི་ཤིང་ཏོག་ཨ་མྲ་སྒམ་ཁྲི་10ལྷག་ཙམ་ཀྲུང་ཐུང་མྱུར་སྐྱེལ་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ལ་སྐྱེལ་བ་དང་། ཧྥུའུ་ཅན་ཧྥུའུ་ཏིང་དུ་ཡོན་ཐུང་མྱུར་སྐྱེལ་གྱིས་ཇ་ལོ་བསྐུར་སྐྱེལ་གྱི་ཆེད་སྤྱོད་ཤོག་སྒམ་མངགས་བཟོ་བྱས་ནས་ཚོང་པའི་ཕྱིར་ཚོང་ལ་རམ་འདེགས་བྱས་པས་ཇ་ལོ་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་ཆེས་ཆེར་འཕར་ཡོད།
བསྐུར་སྐྱེལ་ཞབས་ཞུའི་སྤུས་ཚད་འགན་ལེན་བྱ་ཆེད། བསྐུར་སྐྱེལ་ཁེ་ལས་ཁག་གིས་མི་སྣ་དང་། སྐྱེལ་འདྲེན་ནུས་ཤུགས། དངོས་ཟོག་གསོག་འཇོག་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་རིག་ནུས་སྒྲིག་ཆས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལོ་གསར་གྱི་དངོས་ཟོག་བསྐུར་སྐྱེལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད།