རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་ཐོག་ཡར་འཕེལ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ།
2024ལོར་རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་130ལས་ཐོག་མར་བརྒལ་བ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་1ཚེས་17ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཞིབ་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། 2024ལོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1349084ཟིན་པ་དང་། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས་5.0%འཕར་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།
འབྲུ་རིགས་ཀྱི་ཐོན་འབོར་སླར་ཡང་སྐས་རིམ་གསར་པར་སླེབས་པ་དང་། བཟོ་ལས་ཐོན་སྐྱེད་འཕར་ཚད་ཅུང་ལེགས་པ། ཞབས་ཞུའི་ལས་རིགས་མུ་མཐུད་མང་དུ་ཕྱིན་ཞིང་། ལོ་ཧྲིལ་པོའི་འབྲུ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་70650ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་1109འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་གོང་མ་ལས་5.8%འཕར་བ་དང་། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་7.7%འཕར་བ་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.9%འཕར་ཡོད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་ལོ་གོང་མ་ལས་5.0%འཕར་ཡོད།
ཁྲོམ་རའི་ཕྱིར་ཚོང་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མཐོ་རུ་ཕྱིན་ཞིང་། ལོ་ཧྲིལ་པོའི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་487895ཟིན་པ་དེ་ལོ་གོང་མ་ལས་3.5%འཕར་བ་དང་། དྲ་ཐོག་སིལ་ཚོང་གྲངས་འབོར་ལོ་གོང་མ་ལས་7.2%འཕར་ཡོད། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག(ཞིང་དུད་ཚུད་མེད་པ)སྒོར་དུང་ཕྱུར་514374ཟིན་པ་དེ་ལོ་གོང་མ་ལས་3.2%འཕར་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་འཇོག་བྱེད་ཚད་7.0%དང་10.2%སོ་སོར་འཕར་ཡོད།
དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཅུང་མགྱོགས་མྱུར་འཕར་བ་དང་ཕྱིར་ཚོང་གི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཞིང་། ལོ་ཧྲིལ་པོའི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་438468ཟིན་པ་དེ་ལོ་གོང་མ་ལས་5.0%འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་6.4%འཕར་ནས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་50.3%བཟུང་ཡོད།
གྲོང་མིའི་འཛད་སྤྱོད་རིན་གོང་སྤྱིར་ན་བརྟན་པ་དང་། ལས་ཞུགས་ཀྱི་དུས་བབ་སྤྱིར་ན་བརྟན་པ། གྲོང་མིའི་ཡོང་འབབ་མུ་མཐུད་འཕར་ཞིང་། ལོ་ཧྲིལ་པོར་བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་རྗེས་ཀྱི་ལྟེ་བའི་CPIལོ་གོང་མ་ལས་0.5%འཕར་ཡོད། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་5.1%འཕར་བ་དང་དེ་དཔལ་འབྱོར་འཕར་ཚུལ་དང་གོམ་སྟབས་གཅིག་མཚུངས་ཡིན་པ་རེད།
“2024ལོར་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་སྤྱིར་ན་བརྟན་ཐོག་ཡར་འཕེལ་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད་མོད། འོན་ཀྱང་མིག་སྔའི་ཕྱི་རོལ་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་དང་། རྒྱལ་ནང་གི་དགོས་མཁོ་མི་འདང་བ། ཁེ་ལས་ཁག་གཅིག་གི་ཐོན་སྐྱེད་གཉེར་སྐྱོང་དཀའ་བ། དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཁང་དབྱི་ཡིས་ངོ་སྤྲོད་བྱས། ཁོང་གིས་གོམ་སྟབས་རྗེས་མར་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དཀའ་ངལ་ལ་དོ་སྣང་དང་། ཡིད་ཆེས་བརྟན་གཏོང་། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་དངོས་སུ་བསྒྱུར་བ་བྱས་ནས། དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།