2025ལོའི་དཔྱིད་རླུང་བྱ་སྤྱོད་སྤེལ་ནས་ལས་ཞུགས་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པ།
ལས་གནས་མང་པོ་གཅིག་སྡུད་བྱས་ནས་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་མང་སྤེལ་བ།
གསར་འགོད་པས་མི་སྤྱི་པུའུ་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་མི་སྤྱི་པུའུ་ཡིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་བཅས་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་2025ལོའི་དཔྱིད་རླུང་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོར“དཔྱིད་རླུང་བྱ་སྤྱོད་སྤེལ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་། གནས་སྨིན་ཞབས་ཞུ་བསྒྲུབས་ནས་དམངས་སེམས་དྲོ་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཟླ་དང་པོའི་ཟླ་དཀྱིལ་ནས་ཟླ་གསུམ་པའི་ཟླ་དཀྱིལ་བར་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། ལས་ཞུགས་དང་ལས་གཏོད་བྱེད་འདོད་པའི་གྲོང་གསེབ་ཀྱི་ངལ་རྩོལ་པ་དང་ལས་མི་མཁོ་བའི་མི་སྤྱོད་ཚན་པར་གཅིག་སྡུད་ཀྱིས་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཏེ་ལས་ཞུགས་ཀྱི་ཁྱབ་རྒྱ་ཆེ་བ་དང་། ལས་ཞུགས་རོགས་སྐྱོར་ལ་ཕན་འབྲས་ཐོན་པ། ཁྲོམ་རའི་ཚ་རླབས་འཕྱུར་བ་བཅས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
བྱེད་སྒོའི་རིང་། ས་གནས་ཁག་གིས“དམངས་ལ་བསྟུན་ནས་ལས་ཞུགས་མཁོ་འདོན”དང“ཁེ་ལས་ཀྱི་དགོས་མཁོ་བློ་འདྲི་བྱེད་པའི”བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཞིང་པ་ལས་མིའི་སྲོལ་རྒྱུན་ལས་ཞུགས་ཀྱི་ལས་གནས་དང་། གྲོང་གསེབ་ཀྱི་ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་དང་འཚམ་པའི་གསར་དར་ཁྱབ་ཁོངས་ཀྱི་ལས་གནས། ཞབས་ཞུའི་རིགས་ཀྱི་ལས་གནས་བཅས་དང་དེ་བཞིན་ཐག་ཉེ་སའི་ལས་གནས་གཅིག་སྡུད་བྱས་པ་མ་ཟད། ལས་མི་བསྡུ་བའི་བྱེད་སྒོ་དང་། འཕྲལ་མཁོ་དང་ཁ་ཐང་བའི་ལས་གནས། གསོ་སྦྱོང་སྒྲིག་གཞིའི་དཀར་ཆག ལས་ཞུགས་ལས་གཏོད་སྲིད་ཇུས་སོགས་ཀྱི་ཞབས་ཞུའི་ཆ་འཕྲིན་གནད་སྨིན་སྤེལ་ཡོད། མཉམ་དུ་ལས་མི་བསྡུ་བ་དང་། ལས་མི་བསྡུ་བའི་བྱེད་སྒོ་ཆེན་པོ། ཆེད་མངགས་ལས་མི་བསྡུ་བ། སྟབས་བསྟུན་ངང་ལས་མི་བསྡུ་བ། བཅའ་སྡོད་དུ་ལས་མི་བསྡུ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ། ཉིན་གླའི་ཁྲོམ་ར་དང་ཉིན་གླའི་ས་ཚིགས་ཀྱི་རྩ་འཛུགས་ལ་བརྟེན་ནས་གནས་སྐབས་ལས་ཀ་འཚོལ་མཁན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། ཞབས་ཞུའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་ཁུལ་གྱི་འཐབ་ཇུས་བཅས་ལ་དམིགས་ཏེ་ངལ་ནུས་འབྲེལ་མཐུད་ལས་དོན་རྒྱ་ཁྱབ་ངང་སྤེལ་ཞིང་། དཔྱིད་གསར་དུས་ཆེན་རིང་། ཕ་ཡུལ་དུ་ལོག་མཁན་མང་བའི་གོ་སྐབས་དམ་འཛིན་བྱས་ཏེ་འོས་སྦྱོར་ངོ་སྤྲོད་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་མ་ཟད། ཕ་ཡུལ་གྱི་ལས་གཏོད་རྣམ་གྲངས་སྒྲིག་འཛུགས་བྱས་ནས་ལས་གཏོད་སྐྱོང་གསོའི་རྟེན་གཞི་དང་ཕ་ཡུལ་གྱི་ལས་གཏོད་གླིང་དང་འབྲེལ་མཐུད་བྱས་ཏེ་ལས་གཏོད་རྣམ་གྲངས་སྟོབས་ཆེར་གཏོང་རོགས་བྱས་ཡོད། དཀའ་ངལ་ཡོད་པའི་ཚོགས་སྤྱི་ལས་ཞུགས་ཐུབ་པར་བྱས་པ་དང་ཆབས་ཅིག་དམངས་སེམས་དྲོ་བའི་བྱ་ཐབས་རབ་དང་རིམ་པ་མཁོ་འདོན་བྱས་ཡོད།