ལས་རྣམ་གསར་པ་དང་སྒུལ་ནུས་གསར་པས་གསོན་ཤུགས་གསར་པ་འཕེལ་བ།
རང་ལྗོངས་ཀྱི་ཕྱིར་གཏོང་ཚོང་དོན་བསྡོམས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ།
སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་120ཟིན་རྒྱུ་ཡིན་པ།
2024ལོའི་དགུན་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྣམ་སྲས་གླིང་གྲོང་ཚོའི་སྡོང་ཆུང་ཀུ་ཤུ་ཏུན་30ལྷག་ཙམ་བླུགས་པའི་ཟོག་འདྲེན་རླངས་འཁོར་གཉིས་སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལར་དབོར་འགོ་ཚུགས་པ་དང་བསྟུན་ནས། ལྷོ་ཁ་ནས་ཐོན་པའི་ཀུ་ཤུ་ཕྱིར་གཏོང་ཐེངས་དང་པོ་བྱས་ཡོད། ཀུ་ཤུ་ཏུན་30ལྷག་ཙམ་ཕྱིར་གཏོང་བྱས་པ་ལས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ཚང་མས་རང་ཡུལ་གྱི་ཐོན་རྫས་ཕྱིར་གཏོང་མངོན་འགྱུར་བྱུང་ཡོད།
གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་112.2ཟིན་ནས་དུས་མཚུངས་ལས་9.4%འཕར་ཡོད། སྔོན་དཔག་བྱས་ན། ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་120ཟིན་ནས་ཚོང་དོན་བསྡོམས་འབོར་2015ལོ་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།
ན་ནིང་ཚུན་དུ་རང་ལྗོངས་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་རྒྱལ་ཕྱིའི་མཛོད་ཁང་ལ་ཕྱིར་གཏོང་དང་། ཐད་ཀར་ཕྱིར་གཏོང་། དྲ་ཐོག་ཉོ་སྒྲུབ་ཁྲལ་སྲུང་ནང་འདྲེན་བཅས་ཐོག་མར་མངོན་འགྱུར་བྱུང་བ་དང་། གཞིས་རྩེའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་འཁོར་གྲངས་ཐེངས་དང་པོ་ཚོད་ལྟའི་ངང་འཁོར་སྐྱོད་བྱས་པ། ཕྱི་རྒྱལ་གྱི་མ་དངུལ་གཏོང་འཐུས་ཀྱི་རྒྱལ་དམངས་ཐོབ་ཐང་སྐོར་གྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་པ། ཀུ་ཤུ་དང་། རྒུན་འབྲུམ་ཨ་རག ཨར་འདམ། ཤ་མོའི་རིགས་སོགས་རང་ཐོན་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་ཕྱིར་གཏོང་བྱས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་བདེ་སྐྱིད་མཚོ་མོས། རང་ལྗོངས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱས་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་ཅིང་། བགྲོད་ལམ་གྱི་ནུས་པ་སྔར་བས་མངོན་གསལ་དོད་པ་དང་། ཕྱི་ཕྱོགས་སྤེལ་རེས་སྤུས་འབྲས་ལེགས་གཉེར་བྱུང་བ། མཐའ་དར་དམངས་ཕྱུག་ལག་བསྟར་གཏིང་ཟབ་ཐུབ་པ་བཅས་བྱུང་བས། རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱིར་གཏོང་ཚོང་དོན་བསྡོམས་འབོར་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསུངས་པ་རེད།
ལས་རྣམ་གསར་པའི་སྐྱེད་སྲིང་ཐད། ཀྲུང་གོ(ལྷ་ས)རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དྲ་ཐོག་ཏུ་འཁོར་རྒྱུག་བྱས་པ། ནེ་པ་ལའི་རྒྱལ་ཕྱིའི་མཛོད་ཁང་བསྐྲུན་ནས་བེད་སྤྱོད་བཏང་བ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་རྒྱལ་ཕྱིའི་མཛོད་ཁང་ལ་ཕྱིར་གཏོང་དང་། ཐད་ཀར་ཕྱིར་གཏོང་། དྲ་ཐོག་ཉོ་སྒྲུབ་ཁྲལ་སྲུང་ནང་འདྲེན་བཅས་ཐོག་མར་མངོན་འགྱུར་བྱུང་བ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་དྲ་ཕྱིའི་འགྲེམས་ཚོང་ཁང་6བསྐྲུན་ནས་བེད་སྤྱོད་གཏོང་བར་རྒྱབ་སྐྱོར་བྱས་པ། “དྲ་མིན་ཉམས་ལེན་ཚོང་ཁང་དང་དྲ་ཐོག་རྒྱལ་སྒྲོལ་ལས་སྟེགས་ཟུང་དུ་འབྲེལ་བའི”མ་ལག་རིམ་བཞིན་གྲུབ་པ། ཟླ་11པའི་ཟླ་མཇུག་བར་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་13.43ཟིན་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ཁྲལ་སྲུང་ཟོག་འགྲེམས་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ནས། ཁེ་ལས་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་རང་སོ་སོའི་ལེགས་ཆ་སྤྱད་དེ་ནུས་རྒྱུ་གསར་པ་དང་། འོད་ཤུགས་ཐོན་རྫས། ལིས་གློག་རྫས་སོགས་ཕྱིར་གཏོང་བྱེད་པར་རམ་འདེགས་བྱས་ཏེ། ཟླ་11པའི་ཟླ་མཇུག་བར། “ཐོན་རྫས་གསར་པ་གསུམ”ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་2.96ཟིན་ཡོད་པ་རེད།
བགྲོད་ལམ་འཛུགས་སྐྲུན་ཐད། གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་དཔྱད་བཤེར་བྱེད་ས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། སྐྱིད་གྲོང་སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་ལ་བདེ་བླག་ངང་ཆོག་མཆན་ཐོབ་པ། རྒྱལ་སྤྱིའི་ཚོང་དོན་གྱི“རྐྱང་གཅིག་སྐར་ཁུང”གི་ས་གནས་ལས་སྟེགས་དྲ་ཐོག་ཏུ་འཁོར་སྐྱོད་ཐུབ་པ། སྐྱིད་གྲོང་རིག་ལྡན་འགག་སྒོ་འཛུགས་སྐྲུན་ལས་གྲྭའི་དུས་ཐེངས་དང་པོ་སྐྲུན་འགོ་ཚུགས་པ། གཞིས་རྩེའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་འཁོར་གྲངས་ཐེངས་དང་པོ་ཚོད་ལྟའི་ངང་འཁོར་སྐྱོད་བྱས་པ། ལྕགས་ལམ་ཟོག་འདྲེན་མེ་འཁོར་58འཁོར་སྐྱོད་བཅས་བྱས་ཤིང་། ཟླ་11པའི་ཟླ་མཇུག་བར། མཐའ་མཚམས་འབོར་ཆུང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་31.65ཟིན་ཏེ་དུས་མཚུངས་ལས་30.5%འཕར་ཡོད་པ་རེད།
ཕྱི་ཕྱོགས་སྤེལ་རེས་ཐད། རང་ལྗོངས་ཀྱིས་རྒྱལ་ནང་ཚོང་དོན་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་482སྒྲིག་འཛུགས་ཀྱིས་ཀོང་ཀྲོའུ་ཚོང་འདུས་སོགས་འགྲེམས་ཚོགས་སྣ་ཚོགས་ཐེངས་21ལ་ཞུགས་པ་དང་། ཀྲུང་ནེའི་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་ཁག་29བྱུང་བ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་27གསར་དུ་བཙུགས་པ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་6གསར་འཕར་བྱུང་བ། མ་འཇོག་བསྡོམས་འབོར་ཨ་སྒོར་ཁྲི་4270.80ཟིན་ཡོད་པ་རེད།
མཐའ་དར་དམངས་ཕྱུག་ཐད། ཟླ་11པའི་ཟླ་མཇུག་བར། ནེ་པ་ལར་ཕྱོགས་པའི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་14ཚང་མ་སྒོ་དབྱེ་སླར་གསོ་ཐུབ་ནས་ཉོ་ཚོང་དངུལ་འབོར་སྒོར་ཁྲི་5744.79ཟིན་ཡོད་པ་རེད།