དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་པར་འཆར་གཞི་གསར་པ་འགོད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞེ་ཅཱ་ཉིང་།   |     སྤེལ་དུས།  2025-01-17

    “ཀྲུའུ་ཞི་ཞི་ཅིན་ཕིང་ནི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་འགོ་ཁྲིད་པ་ཞིག་ཡིན་ལ་ཕུལ་དུ་བྱུང་བའི་འཐབ་ཇུས་མཁས་ཅན་ཞིག་ཀྱང་རེད” ཉེ་ཆར། ཨེ་ཁྭ་ཏོར་གྱི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཟུར་པ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཟུར་པ་ཁཱ་ལུའོ་སི·ལཱ་ལེ་ཡ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་དང་གླེང་མོལ་ཐེངས་མང་བྱེད་སྐབས་ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷག་བསམ་དང་མཛའ་བརྩེ་ཟབ་མོ་ཚོར་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་ཀྱིས་ཁེངས་པ་དང་། ཁོང་དང་སྤེལ་རེས་བྱེད་སྐབས་ཧ་ཅང་བག་ཕེབས་ཤིང་སྤྲོ་སྣང་གི་ཚོར་སྣང་ཞིག་ཡོང་གི་འདུག ཀྲུའུ་ཞི་ཞི་ཅིན་ཕིང་གི་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་དེ་བཞིན་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པ་དེར་མི་རྣམས་ཀྱིས་བརྩི་འཇོག་དང་ཡིད་སྨོན་ཆེན་པོ་སྐྱེ་གི་ཡོད”ཅེས་བརྗོད།

    ལཱ་ལེ་ཡ་ཡིས་ཀྲུང་གོར་བཅའ་སྡོད་ཨེ་ཁྭ་ཏོར་གྱི་གཞུང་ཚབ་ཆེ་མོ་བའི་འགན་འཁུར་རིང་། ཨེ་ཀྲུང་དབར་གྱི་མཛའ་མཐུན་འགྲོ་འོང་མཉམ་ལས་ཀྱི་དུས་སྐབས་གལ་ཆེན་མང་པོ་བརྒྱུད་ཡོད། 2018ལོའི་ཟླ་3པར། ལཱ་ལེ་ཡ་དང་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ལྔའི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྒྱལ་ཡིག་ཕུལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་མ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་མ་ཟད་དྲན་རྟེན་པར་ཡང་མཉམ་དུ་བསྐྱོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་ཁག་དང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

    2018ལོའི་ཟླ་12པར། ཨེ་ཁྭ་ཏོར་གྱི་སྐབས་དེའི་ཙུང་ཐུང་མོ་ལེ་ནོ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཀྲུང་ཨེའི་གཙོ་བདག་གིས་གྲོས་མོལ་གནང་བ་མ་ཟད་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་ཤེས་ཀྱི་དྲན་ཐོ་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་ཡང་གནང་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་གནང་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནང་ཞུགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ནུས། ཞིང་ལས། ཆ་འཕྲིན་ལག་རྩལ། ནུས་རྒྱུ་གསར་པ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་རྒྱུ་དང་། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོའི་ཁྲོམ་ར་གསར་འབྱེད་ཧུར་ཐག་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང” ལཱ་ལེ་ཡ་ཡིས་ད་ལྟའང་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་བཞིན“གྲོས་མོལ་གྱི་རྣམ་པ་ལྷག་བསམ་དང་མཛའ་བརྩེས་ཁེངས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཞན་ལ་བརྩི་འཇོག་གནང་བ་མ་ཟད། གླེང་མོལ་དང་སྤེལ་རེས་གནང་རྒྱུར་ཡང་མཉེས་པོ་འདུག”ཅེས་བརྗོད།

    2022ལོའི་ཟླ་2པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པའི་ཨེ་ཁྭ་ཏོར་གྱི་སྐབས་དེའི་ཙུང་ཐུང་ལཱ་སུའོ་དང་མཇལ་འཛོམས་གནང་བ་རེད། “ཨེ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་ཐུན་མོང་གི་ངོས་འཛིན་མང་པོ་ཞིག་བྱུང་ཡོད”ཅེས་ལཱ་ལེ་ཡ་ཡིས་བརྗོད་པ་དང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་འཛོམས་གནང་སྐབས་རྒྱལ་ཁབ་གཉིས་ནི“ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བློས་ཐུབ་ཞིག་ཡིན་པ”དང་། “ཕྱོགས་གཉིས་པོའི་ཚོང་དོན་ལྡོག་འཕར་མངོན་འགྱུར་བྱུང་ཞིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ་གཏེར་རྫས། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་ལྡན་པ་དང་། མི་ཆོས་རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད”ཅེས་བརྗོད། “འཚམས་འདྲི་མཇུག་འགྲིལ་རྗེས་ཙུང་ཐུང་ལཱ་སུའོ་ཡིས་ང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་བྱས་པ་ནི་མཛའ་བརྩེ་སྤྲོ་སྣང་ལྡན་པ་མ་ཟད། ཕུན་སུམ་ཚོགས་པའི་གྲུབ་འབྲས་ཀྱང་ཐོབ་ཡོད། འཚམས་འདྲི་དེ་ནི་ཁོང་གིས་རྒྱལ་ཁབ་ཀྱི་གཙོ་བདག་གི་མིང་ཐོག་ནས་གནང་བའི་འཚམས་འདྲི་ཚང་མའི་ཁྲོད་བརྗེད་པར་དཀའ་བ་ཞིག་རེད་ཅེས་གསུངས་བྱུང” ལཱ་ལེ་ཡ་ཡིས་སྤོབས་པ་ཆེན་པོས“རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་མཇལ་འཛོམས་མཇུག་འགྲིལ་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཆེད་མངགས་ངའི་སྐོར་གླེང་གནང་ནས་ངས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བའི་འགན་འཁུར་ཚུན་གྱི་ལས་དོན་ལ་ཁས་ལེན་གནང་བ་དེར་རང་ཉིད་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང”ཞེས་བརྗོད།

    “སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་རྒྱུ་ནི་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་གྱིས་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཇུས་གཞི་གསར་པ་མཁོ་འདོན་གནང་བ་དང་། མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་པར་འཆར་གཞི་གསར་པ་བཀོད་གནང་ཡོད” ལཱ་ལེ་ཡ་ཡིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས་སྣ་མང་བསྟུན་མཁས་དར་སྤེལ་བྱས་ནས་རྒྱལ་ཁབ་ཁག་དོ་མཉམ་དང་། མཐུན་སྦྱོར། ཐུན་མོང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོའི་ནང་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་། གདོང་གཏུག་དང་དམག་འཁྲུག་སྔོན་འགོག ཕྱོགས་མང་རིང་ལུགས་སྲུང་སྐྱོང་། རྒྱལ་སྤྱིའི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ནན་བཤད་བྱས་ཡོད། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་དྲང་ནུས་སྣོན་རྒྱུ་རེད་ཅེས་བརྗོད།

    2024ལོ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི་གླེང་སྟེགས་བཙུགས་ནས་ལོ་བཅུ་འཁོར་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུ་དང་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཕྱོགས་མང་ཚོགས་འདུར་ཡང་ཞུགས་ཡོད། ལཱ་ལེ་ཡ་ཡིས“མིག་སྔར། ལ་ཀྲུང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ལ་ཀྲུང་དབར་ཕན་ཚུན་སྦྲེལ་མཐུད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་གསར་གཏོད་དང་། ལྗང་མདོག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོ་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ལ་ཀྲུང་དབར་མཉམ་ལས་དེ་བས་མང་བ་དང་དེ་བས་གཏིང་ཟབ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།