ཕྱི་འབྲེལ་པུས་བརྗོད་དོན།
གོ་ལ་ཧྲིལ་པོའི་ཡུལ་སྐོར་བ་ཀྲུང་གོར་ཡོང་ནས་དཔྱིད་གསར་དུས་ཆེན་མཉམ་དུ་གཏོང་བར་དགའ་བསུ་ཞུ་གི་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གོ་ལ་ཧྲིལ་པོའི་ཡུལ་སྐོར་བ་ཀྲུང་གོར་ཡོང་ནས་དཔྱིད་གསར་དུས་ཆེན་མཉམ་དུ་གཏོང་བར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། ཉེ་དུས་ཀྲུང་གོའི“ཐོངས་མཆན་འགོད་མི་དགོས་པའི་ཕན་ནུས”ལས་ཀྲུང་གོར་ཡུལ་སྐོར་ལ་ཡོང་མཁན་མང་དུ་ཕྱིན་ཞིང་། ལྷག་པར་དུ་ལོ་གསར་པ་ཤར་ཚུན“ཀྲུང་གོར་ཡུལ་སྐོར་བྱེད་པའི”ཚ་རླབས་མུ་མཐུད་འཕྱུར་བར་སྐུལ་མ་ཐེབས་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་ཀྲུང་གོར་གནམ་ལོ་གསར་ཚེས་ཀྱི་དུས་ཆེན་གཏོང་བར་ཡོང་གི་ཡོད། ཡུལ་སྐོར་ལས་སྟེགས་ཤིག་གིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་ལ་ཡོང་བའི་མངགས་ཐོའི་གྲངས་འབོར་ན་ནིང་གི་དུས་མཚུངས་ལས་203%འཕར་བཟོ་ཡོད་པས། མགྲིན་ཚབ་པས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
“ཀྲུང་གོས་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱུན་མཐུད་ཆེ་རུ་བཏང་བ་དང་ཆབས་ཅིག སྟབས་བདེའི་བྱ་ཐབས་ཁག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་གི་ཡོད”ཅེས་ཀུའོ་ཅ་ཁུན་གྱིས་བརྗོད་པ་དང་། ཁོང་གིས་ནང་ནིང་ལོ་ཧྲིལ་པོར་འགག་སྒོ་ཁག་ནས་ཀྲུང་གོར་ཡུལ་སྐོར་ལ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་6488.2ཟིན་པ་དེ་དུས་མཚུངས་ལས་82.9%འཕར་ཡོད། དེའི་ནང་ཐོངས་མཆན་འགོད་མི་དགོས་པར་ཀྲུང་གོར་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་2011.5ཟིན་པ་དེ་དུས་མཚུངས་ལས་112.3%འཕར་ཡོད། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ཀྲུང་གོར་ཡུལ་སྐོར་ལ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་དུས་མཚུངས་ལས་34%ཙམ་འཕར་ཡོད་ཅེས་བརྗོད།