དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དིང་རིའི་ཡོམ་ཁུལ་གྱི་རོགས་སྐྱོབ་བཀོད་སྒྲིག་བྱ་ཡུལ་དུ་བཅར་འདྲིར་བསྐྱོད་པ།

    བཀོད་སྒྲིག་བྱ་ཡུལ་གྱི་དམངས་འཚོའི་ཚན་རྩལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-17

    ཟླ་1ཚེས་13ཉིན། བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཁྲོད་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པའི་གྲམ་མཚོ་ཤང་དུ་ཞིག་རོ་གཙང་སེལ་ལས་དོན་མགྱོགས་མྱུར་སྤེལ་ཞིང་། ལས་དོན་མི་སྣས་དགུ་རུམ་གྲོང་ཚོའི་ཡུལ་མི་ཞིག་ལ་ཞིག་རོའི་ཁྲོད་ནས་འབྲུ་རིགས་ཏུན་6ཙམ་འདོན་རོགས་བྱས་པ་རེད། འདི་ནི་མེ་ཟོན་རོགས་སྐྱོབ་མི་སྣས་ཡུལ་མི་ཚོར་འབྲུ་རིགས་དབོར་རོགས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བརྒྱབ།

    འདི་ནི་ཟླ་1ཚེས་13ཉིན། བོད་ལྗོངས་དིང་རི་རྫོང་གྲམ་མཚོ་ཤང་དགའ་ལྡན་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཕྲུ་གུ་ཞིག་གིས་གསར་འགོད་པའི་པར་ཆས་ནས་རང་ཉིད་ཀྱི་རྨོ་བོར་པར་སྟོན་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲང་ཝུའུ་ཅུན་གྱིས་པར་བརྒྱབ།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཡོམ་ཁུལ་གྱི་རོགས་སྐྱོབ་བཀོད་སྒྲིག་བྱ་ཡུལ་དུ་ཚན་རྩལ་གྱི་བྱེད་ཐབས་མི་ཉུང་བ་སྤྱད་དེ་རོགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་རམ་འདེགས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱེད་བཞིན་ཡོད།

    འཐུང་ཆུ་མཁོ་འདོན་བྱེད་པ་ནི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པར་སྒྲུབ་དགོས་ངེས་ཀྱི་ལས་དོན་ཞིག་ཡིན་པ།

    ཟླ་1ཚེས་13ཉིན། དིང་རི་རྫོང་མཚོ་སྒང་ཤང་དགའ་རེ་སྒོར་སྐྱེད་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཆུ་འདོན་སྒྲིག་ཆས་གསར་པ་ཞིག་བསྒྲིགས་ཡོད།

    ཡུལ་མི་བསྟན་འཛིན་ཕུན་ཚོགས་ཀྱིས་ཆུ་འདོན་སྒྲིག་ཆས་དེ་ཁ་ཕྱེ་སྐབས། ཆུ་དལ་བུར་དོན་འོང་། “འདི་ནས་ཆུ་ག་དུས་ལེན་ལེན་རེད་འདུག”ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་འགྱིག་དམ་ཆེན་པོ་ཞིག་གི་ནང་ཆུ་གང་བླངས་ནས་དགའ་ཚོར་དང་བཅས་གཏམ་བཟང་དེ་ཡུལ་མི་ཚོར་བཤད།

    གསར་འགོད་པས། ཆུ་འདོན་སྒྲིག་ཆས་དེ་སྟབས་བདེའི་ཁང་པའི་ནང་བསྒྲིགས་ཡོད་པ་དང་དེར་ཆུ་ཚགས་རྒྱག་བྱེད་རིམ་པ་བཞི་ཡོད་པ་མཐོང་བྱུང་། སྒྲིག་ཆས་དེས་དགའ་རེ་སྒོར་སྐྱེད་གྲོང་ཚོ་ནས་རྒྱུག་པའི་བུམ་ཆུ་ནས་ཆུ་འཐེན་གྱི་ཡོད་པ་དང་། ཆུ་ཚགས་བརྒྱབ་རྗེས་ཉིན་ལྟར་དྭངས་གཙང་ཆུ་ཏུན་100དང་ཚད་ལྡན་ཆུ་ཀ་ལའི་ཆུ་ཏུན་1500མཁོ་འདོན་ཐུབ་ནས། ཉེ་འཁོར་ཤང་དང་གྲོང་རྡལ་གྱི་ཡུལ་མི་5000ལྷག་ཙམ་གྱི་ཆུ་སྤྱོད་དགོས་མཁོ་སྐོང་ཐུབ་པ་མ་ཟད། དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ཙམ་ལས་མེད་པའི་གཙང་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཙམ་བར་བརྟན་པོར་སྡོད་ཀྱི་ཡོད། དེ་ནི་བོད་ཀྱི་ཕུན་སུམ་ཚོགས་པའི་ཉི་ནུས་ལ་བརྟེན་ནས་བྱུང་བ་ཡིན་པས་འབྱུང་འཕྲོད་དང་ཁོར་ཡུག་སྲུང་སྐྱོང་གང་ཅིའི་ཐད་དགེ་མཚན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཆུ་འདོན་སྒྲིག་ཆས་དེ་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སྒྲིག་ཆས་ཚོགས་པའི་ཁོངས་གཏོགས་ཀྱི་ཡན་ལག་ཁེ་ལས་ཧོ་པེ་གློག་ཤུགས་སྒྲིག་ཆས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཅ་ཙེ་མིང་ཚན་རྩལ་ཚད་ཡོད་ཀུང་སིས་མཉམ་ལས་གསར་སྤེལ་བྱས་པ་ཞིག་རེད། ས་ཡོམ་བརྒྱབ་པའི་ཉིན་དེ་རང་ལ་ཡོམ་ཁུལ་དུ་འབྱོར་ནས་མང་ཚོགས་ཀྱི་ཆུ་སྤྱོད་བདེ་འཇགས་འགན་ལེན་བྱས་ཡོད། སྒྲིག་ཆས་དེའི་འགན་འཁུར་བ་ཀྲེང་ཙུའུ་ཧྭ་ཡིས། “རྗེས་སོར་ཡོམ་ཁུལ་དུ་ད་དུང་རིག་ལྡན་ཆུ་འདོན་སྒྲིག་ཆས་དབོར་གྱི་ཡིན། སྒྲིག་ཆས་དེ་རིགས་ཀྱིས་ས་བབ་མཐོ་བའི་རླུང་གནོན་འོག་ཏུའང་ཆུ་ཧྲེ་ཧྲི་ཏུའུ་100བར་སྐོལ་ཐུབ་ཀྱི་ཡོད་པས་གེགས་ཁུལ་མང་ཚོགས་བློ་བདེ་པོས་ཆུ་ཁོལ་ཚ་རྐྱང་འཐུང་རྒྱུ་ཡོང་གི་རེད”ཅེས་བཤད།

    གསོ་རླུང་མི་འདང་བ་ནི་ད་ཐེངས་ཡོམ་འགོག་རོགས་སྐྱོབ་ལ་འཕྲད་པའི་དཀའ་གནད་ཆེན་པོ་ཞིག་ཡིན་པ།

    ཟླ་1ཚེས་9ཉིན། གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲམ་མཚོ་ཤང་དུ་གསོ་རླུང་མཁོ་འདོན་བྱེད་འགོ་ཚུགས་ཡོད།

    བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྨན་པ་ཝང་ཅ་ཁྲེན་གྱིས། གསོ་རླུང་མཁོ་འདོན་བྱེད་ཆས་དེས་ཕྱི་རོལ་གྱི་མཁའ་རླུང་དེའི་ནང་སྡུད་སྒྲིལ་བྱས་ཏེ་རྔུབ་འབྱར་ཚགས་འཁྲོལ་སྒྲིག་ཆས་བརྒྱུད། མཁའ་རླུང་ཁྲོད་འདུས་པའི་གསོ་རླུང་ལེགས་གྲས་བཏུས་ནས་གསོ་རླུང་གསོག་ཆས་ནང་བླུགས་པ་དང་། དེ་རྗེས་གསོ་རླུང་གསོག་སའི་དབུགས་རིལ་ནང་བླུག་པའམ་ཡང་ན་གསོ་རླུང་རྔུབ་ཁང་དུ་དབོར་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    གསོ་རླུང་གསབ་མགྱོགས་པོ་ཡོད་དམ། ཁྲག་ནང་གསོ་རླུང་འདུས་ཚད་བརྟག་ཆས་ལས་མངོན་པར། གསར་འགོད་པའི་ཁྲག་ནང་གསོ་རླུང་འདུས་ཚད་86%ཡིན་པ་དང་། གསོ་རླུང་སྐར་མ་གསུམ་བརྔུབས་རྗེས་95%ཟིན་ཡོད།

    གསོ་རླུང་གསོག་བཟོ་མཁོ་འདོན་གྱི་ལས་ཕྱོད་མཐོ་པོ་ཡོད་དམ། “སྐར་མ་10རེ་ལ་ཧྲེང་40ཡོད་པའི་ཚད་ལྡན་དབུགས་རིལ་རེ་ཁེངས་ཀྱི་འདུག དེ་ནི་སྲོལ་རྒྱུན་གྱི་ཕྱི་རོལ་མཁའ་རླུང་ནས་གསོ་རླུང་བསྡུ་བའི་ཆུ་ཚད་ཀྱི་ལྡབ་3རེད”ཅེས་ཝང་ཅ་ཁྲེན་གྱིས་བཤད།

    གསོ་རླུང་གསོག་བཟོ་མཁོ་འདོན་བྱེད་སར་གསོ་རླུང་ཁང་3ཡོད་པ་དང་། གསོ་རླུང་ཁང་རེ་རེས་དུས་གཅིག་ཏུ་མི་8ལ་གསོ་རླུང་མཁོ་འདོན་ཐུབ་ཀྱི་ཡོད། “གསོ་རླུང་ཁང་ཉིན་མཚན་དབྱེར་མེད་སྒོ་ཕྱེ་བས་མང་ཚོགས་དང་རོགས་སྐྱོབ་མི་སྣ་ཚང་མས་སྤྱོད་ཆོག་གི་ཡོད” ཝང་ཅ་ཁྲེན་གྱིས། གསོ་རླུང་མཁོ་འདོན་བྱེད་ས་སྤྱོད་འགོ་ཚུགས་པ་ནས་ད་བར་མི་100ལྷག་ཙམ་གསོ་རླུང་རྔུབ་པར་སླེབས་བྱུང་། གསོ་རླུང་དབུགས་རིལ་200ལྷག་ཙམ་བརྒྱངས་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།