དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་རོགས་སྐྱོབ་གདོང་ལེན་རུ་ཁག་གིས་སེམས་ནུས་ཡོད་རྒུས་མང་ཚོགས་སྲུང་སྐྱོབ་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-17

    “ད་ལྟ་ས་ཡོམ་བརྒྱབ་སོང་། ཚང་མ་ལམ་སེང་དོན་ཤོག

    ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས”“ང་ཚོ་ད་ལྟ་སྡོད་སའི་ཁང་པ་ཚང་མ་རྙིང་པ་ཡིན་པས་མགྱོགས་པོ་ཕྱི་ལ་དོན་ཤོག”

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་8དང་སྐར་མ་11ཙམ་ལ། དིང་རི་རྫོང་དུ་ས་ཡོམ་རིམ་པ་3.3བརྒྱབ་པ་དང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བྱམས་སྒྲོན་གྱིས་ཡེ་བྱང་གྲོང་ཚོའི་སྐད་འཕྲིན་གྱི་བརྡ་ཐོའི་ཚོགས་པའི་ནང་ས་ཡོམ་གྱི་ཉེན་བརྡའི་གནས་ཚུལ་གཉིས་བཏང་བས་གྲོང་མི་མི་ཉུང་བ་ཞིག་གིས་གནས་ཚུལ་འབྱོར་རྗེས་བདེ་འཇགས་ཀྱི་གནས་སུ་དོན་པ་རེད།

    ཆུ་ཚོད་9དང་སྐར་མ་05ཙམ་ལ་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཡེ་བྱང་གྲོང་ཚོས་གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག གྲོང་ཚོའི་ལས་བྱེད་པ། གྲོང་ཚོའི་གཞོན་ནུ་དང་དར་མ་བཅས་ཁྱོན་བསྡོམས་མི་37ལས་གྲུབ་པའི་རོགས་སྐྱོབ་གདོང་ལེན་རུ་ཁག་བཙུགས་ནས་འཕྲལ་མར་མང་ཚོགས་ཁ་འགྲེམས་པ་དང་ཁྱིམ་ཚང་རེ་རེ་བཞིན་ལ་གྲལ་བཤེར་བྱས་པ་མ་ཟད། འཕྲལ་སྡོམ་བཀོད་སྒྲིག་ལས་དོན་ཡང་སྤེལ་བ་རེད།

    “ཨ་ཅག་མགྱོགས་པོ་ངའི་ཨ་མ་སྐྱོབ་དང་། ཁོང་ད་དུང་ཁང་པའི་ནང་ལ་ལུས་ཡོད”ཅེས་ཡེ་བྱང་གྲོང་ཚོའི་བུ་མོ་ལྷ་མོས་ངུ་བཞིན་དུ་རོགས་སྐྱོབ་བྱེད་པར་ཡོང་བའི་གྲོང་ཚོའི་ལས་བྱེད་པར་དེ་ལྟར་བཤད།

    ལྷ་མོའི་ཨ་མ་དམ་ཆོས་དབང་མོའི་མིག་གཉིས་ལོང་བ་དང་རྐང་པར་སྐྱོན་ཡོད་པས། ས་ཡོམ་བརྒྱབ་རྗེས་ལྷ་མོས་ཨ་མ་ས་ཆ་གཞན་དུ་སྤོ་ཐབས་བྲལ་བས་ག་དུས་རྡིབ་མིན་མི་ཤེས་པའི་ཁང་པར་ལྟ་བཞིན་སེམས་ཁྲལ་ཆེན་པོ་བྱུང་ཡོད། རོགས་སྐྱོབ་རུ་ཁག་འབྱོར་བ་དང་བསྟུན་ནས་ཁོ་མོའི་སེམས་ཁྲལ་ཆུང་དུ་ཕྱིན།

    རོགས་སྐྱོབ་ཀྱི་འབོད་སྒྲ་ཐོས་རྗེས། གྲོང་གསེབ་དར་རྒྱས་ཆེད་བསྐོས་ལས་བྱེད་པ་ཟླ་སྟོད་དང་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་ཚེ་དབང་སྒྲོལ་མ་མྱུར་དུ་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་ནས་རྒན་རྒོན་གཟབ་ནན་ངང་སྐྱོར་ནས་ཉེ་འགྲམ་གྱི་ས་རྒྱ་ཆེ་སར་བསྐྱལ་བ་རེད།

    “ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག ང་ཚོས་དཀའ་ངལ་ཁྱད་བསད་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་གུར་ནང་ངང་རྒྱུད་རིང་པོས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བསམ་བློའི་སློབ་གསོ་བརྒྱབ་པ་དང་སེམས་གསོ་བཏང་བ་རེད།

    བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་ད་ཐེངས་ཀྱི་ས་ཡོམ་ཁྲོད་ཡེ་བྱང་གྲོང་ཚོའི་མི་གཅིག་ཀྱང་རྐྱེན་ལམ་དུ་ཤོར་མེད། མིག་སྔར་ཡེ་བྱང་གྲོང་ཚོའི་དུད་ཚང་76གི་མི་385ཚང་མ་གེགས་སེལ་གུར་ནང་སྤོས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།