བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ཁྲོད་རྒྱ་ཆེའི་ཏང་ཡོན་གྱིས་འགན་འཁྲི་ཕྲག་ཏུ་ཁུར་བ།
གེགས་ཁུལ་མི་དམངས་ཀྱི་བློ་གཏད་བཅོལ་ས་གཙོ་བོར་གྱུར་བ་བྱེད་པ།
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་དུ་མེ་ཟོན་རོགས་སྐྱོབ་མི་སྣས་ས་གནས་དེ་གའི་གྲོགས་པོ་ཆུང་ཆུང་དང་མཉམ་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།
“ཏང་ཡོན་ཚང་མ་མགྱོགས་པོ་འཛོམས་ཤོག”
ཟླ་1ཚེས་7ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པ་ཡོལ་ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་དྲག་པོ་རིམ་པ་6.8གློ་བུར་དུ་བརྒྱབ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་ཆེན་གསུམ་པའི་རུ་དཔོན་ཚའེ་ཅིང་གིས་མགྱོགས་མྱུར་དཔུང་ཁག་བསྡུ་རུབ་བྱས་པ་དང་དིང་རི་རུ་འབྲིང་གི་རོགས་སྐྱོབ་དཔོན་དམག་30ལས་གྲུབ་པའི་ཏང་ཡོན་གདོང་ལེན་རུ་ཁག་འཕྲལ་མར་གེགས་ཁུལ་དུ་རོགས་སྐྱོར་བྱེད་པར་བསྐྱོད་དེ“རྒྱལ་ཁབ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ནི་ཏང་ཡོན་གྱི་འཐབ་འཛིང་བྱེད་ས་ཡིན”ཞེས་བཤད་པ་རེད།
ཉིན་ཤས་རིང་། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཐབ་འཛིང་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་པ་དང་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་དཀའ་ངལ་ཁྱད་བསད་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱས་ཏེ་རོགས་སྐྱོབ་དང་འཇུག་མཐུད་ལས་དོན་མུ་མཐུད་སྤེལ་ནས་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་སོགས་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཁུལ་དང་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།
འཐབ་ས་མདུན་མར་བསྐྱོད་ནས་རོགས་སྐྱོབ་ཉེན་སེལ་ལས་ལ་གཞོལ།
ཚེས་7ཉིན་གྱི་ཉིན་གུང་ལ་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་ཡོམ་འཕྲོ་རྒྱུན་ཆད་མེད་པར་བརྒྱབ་པ་དང་ཨ་མ་ཞིག་གིས་ཞིག་རོའི་འོག་ལུས་པའི་ཕྲུ་གུར་སྲུང་བཞིན་དུ“མགྱོགས་པོ་ངའི་ཕྲུ་གུ་སྐྱོབ་དང”ཞེས་འབོད།
ཚའེ་ཅིང་གིས“ཚོགས་ཆུང་དང་པོས་རྡོ་ཧྲུག་གཙང་སེལ་བྱེད་པ་དང་། ཚོགས་ཆུང་གཉིས་པས་རྨས་མ་བརྒྱུད་སྐྱེལ། ཚོགས་ཆུང་གསུམ་པས་ང་དང་མཉམ་དུ་ཞིག་རོ་སྐྱོར་རོགས། སྨན་པས་རྨས་མ་སྐྱོབ་བཅོས་བཅས་བྱེད་དགོས། ལག་ཆ་སྤྱད་ཚེ་ཁང་པ་བརྡིབས་ནས་སླར་ཡང་རྨས་སྐྱོན་ཕོག་ཉེན་ཡོད་པས་ལག་པས་སྔོག་སྟེ་ངེས་པར་དུ་བྱིས་པའི་བདེ་འཇགས་ལ་དོ་སྣང་བྱེད་དགོས” ཞེས་གོ་རིམ་ལྡན་པའི་སྒོ་ནས་བཀོད་འདོམས་བཀོད་སྒྲིག་བྱས་པ་རེད།
ཏང་ཡོན་གདོང་ལེན་རུ་ཁག་གི་རུ་མི་ཚོས་སྐར་མ་40ཙམ་རྡོ་ཧྲུག་ལག་པས་གཙང་སེལ་བྱས་མཐར་ཉེན་གྱར་བྱིས་པ་གཞི་ནས་སྐྱོབ་ཐུབ་པ་དང་། སྨན་པས་མུ་མཐུད་དུ་ཛ་དྲག་ངང་སྐྱོབ་བཅོས་བྱས་པས་རྨས་སྐྱོན་ཕོག་པའི་བྱིས་པ་དྲན་པ་གསོས་ཐུབ་ཙམ་བྱུང་།
མ་བུ་གཉིས་བདེ་འཇགས་ཁུལ་དུ་སྤོས་རྗེས་ཏང་ཡོན་གདོང་ལེན་རུ་ཁག་བྲེལ་འཚུབ་ངང་ཉེན་སྐྱོབ་བྱ་ཡུལ་གཞན་དུ་བསྐྱོད།
གནོད་འཚེ་ནི་བཀའ་རྒྱ་ཡིན། དུས་ཚོད་ནི་ཚེ་སྲོག་ཡིན། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ། ཀྲུང་དབྱང་ཁེ་ལས་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ལས་དོན་ཧུར་ཐག་སྒྲུབ་པ་དང་སྒྲིག་འཛུགས་ནུས་ལྡན་བྱས་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་འཕྲལ་དུ་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་ནས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཉེན་གྱར་མང་ཚོགས་འཚོལ་སྐྱོབ་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་ཡོད།
དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་དོན་གྲུབ་རྒྱལ་མཚན་གྱིས་རླངས་འཁོར་3དང་མི་19ཡོད་པའི་རོགས་སྐྱོབ་དཔུང་ཁག་གི་སྣེ་ཁྲིད་དེ་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ཡོམ་ལྟེར་འབྱོར་ནས་རོགས་སྐྱོབ་བྱས། བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་གེགས་ཁུལ་དུ་བསྐྱོད་དེ། བཀོད་འདོམས་པུའུ་ལ་གེགས་ཁུལ་གྱི་མཐོང་ཐོས་མྱོང་གྲུབ་ཀྱི་པར་རིས་བསྐུར་བ་དང་། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་རུ་མི་མགྱོགས་མྱུར་གྲམ་མཚོ་ཤང་དུ་བསྐྱོད་ནས་རོགས་སྐྱོབ་བྱས་ཤིང་། ཉིན་གཅིག་ནང་མང་ཚོགས་དུད་ཚང་160ལྷག་ཙམ་དང་མི་600ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ་རེད། དམག་གོས་ལྗང་ཁུ་དང་། མེ་ཟོན་གྱི་ལི་མདོག འཕྲལ་སྡོམ་གྱི་སྔོ་མདོག་བཅས་གང་དུ་ཉེན་ཁ་ཡོད་ན་དེ་གར་གུང་ཁྲན་ཏང་ཡོན་མཐོང་རྒྱུ་ཡོད་པ་རེད།
དུས་ཚོད་དམ་འཛིན་བྱས་ནས་རོགས་སྐྱོབ་བྱེད། ཉེན་སེལ་སྐར་ཆ་ཙམ་ཡང་མཚམས་མི་འཇོག
རྒྱལ་ཁབ་གློག་དྲ་གཞིས་རྩེ་གློག་གཏོང་ཀུང་སིའི་གྲོང་ཁུལ་གློག་གཏོང་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀརྨ་བསྟན་འཛིན་གྱིས་ས་ཡོམ་གྱི་གནས་ཚུལ་ཤེས་སྐབས་དངངས་སྐྲག་ཆེན་པོས“གློག་ཤུགས་ནི་གེགས་ཁུལ་གྱི་སྲོག་རྩ་ལྟ་བུ་ཡིན་པས་ང་ཚོས་མགྱོགས་མྱུར་གེགས་ཁུལ་དུ་བསྐྱོད་དགོས”ཞེས་བཤད།
མི་སྣ་སྒྲིག་འཛུགས་དང་། དངོས་རྫས་རྩིས་བཤེར། ཡོ་བྱད་འཁྱེར་བ་བཅས་བྱས་ཏེ་ཀརྨ་བསྟན་འཛིན་དང་ལག་རྩལ་མི་སྣས་གློག་གཏོང་རླངས་འཁོར་བཏང་ནས་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོར་བསྐྱོད། ཆུ་ཚོད་བཞི་ཙམ་རིང་གྲལ་བཤེར་དང་གློག་སྐུད་ཁྲིད་མཐུད་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་བརྒྱུད་དགོང་མོའི་ཆུ་ཚོད་བདུན་པར་བཀོད་སྒྲིག་བྱ་ཡུལ་གྱི་གུར་ནང་གློག་འོད་རབ་ཏུ་འཚེར།
“ང་ཚོ་ཏང་ཡོན་ལས་བྱེད་པས་ངེས་པར་དུ་གནོད་འཚེ་ཕོག་ཡུལ་དུ་བསྐྱོད་ནས་དཀའ་ངལ་ལ་མི་སྐྲག་པར་ལས་དོན་ཧུར་ཐག་སྒྲུབ་དགོས”ཞེས་ཀརྨ་བསྟན་འཛིན་གྱིས་བཤད།
བཀོད་སྒྲིག་ལ་འགན་ལེན་བྱས་ནས་དོན་འཁྱོལ་ཞིབ་ཚགས་བྱེད།
ཚེས་13ཉིན། གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་ཤང་ཀྲང་མིག་དམར་ཚེ་རིང་དང་ཡུལ་མི་རྣམས་མཉམ་དུ་འཛོམས་ནས་བཀོད་སྒྲིག་བྱ་ཡུལ་གྱི་འཆར་འགོད་ཇུས་གཞི་གསར་པར་གྲོས་བསྡུར་བྱས་པ་རེད།
“གུར་ཁ་ཤས་རྒྱག་སྐྱོར་བྱས་ནས་གུར་གྱི་མདུན་དུ་སྟབས་བདེའི་ཁང་པ་བཀོད་སྒྲིག་བྱས་ཡོད། དེ་ལྟར་བྱས་ན་རྗེས་སུ་ཁང་པ་གསར་པ་བསྐྲུན་བདེ་བ་ཡོང་གི་རེད”གྲོང་མི་ཁ་ཤས་ལ་ཐེ་ཚོམ་བྱུང་སྐབས་མིག་དམར་ཚེ་རིང་གིས་ངང་རྒྱུད་རིང་པོས“འཕྲལ་སྡོམ་གུར་ནང་གི་མི་ཚང་མ་དྲོ་སོབ་སོབ་ཀྱི་སྟབས་བདེའི་ཁང་པའི་ནང་སྤོ་རྒྱུ་ཡིན་པས། མིག་རྒྱང་རིང་ཙམ་བྱེད་དགོས”ཞེས་འགྲེལ་བཤད་བརྒྱབ་པ་རེད།
གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྐྱེལ་ཐུབ་པར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། “ང་ཚོ་ཏང་ཡོན་ལས་བྱེད་པ་ཚང་མའི་བསམ་ཚུལ་ནི་ལས་ཀ་ངེས་པར་དུ་མགྱོགས་ཙམ་དང་ཞིབ་ཚགས་བྱེད་རྒྱུ་དེ་ཡིན”ཞེས་མིག་དམར་ཚེ་རིང་གིས་བཤད།
དུས་ཚོད་ནི་ཆུ་མོའི་རྒྱུན་ལྟར་བཞུར་བཞིན་ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་འཐབ་འཛིང་བསྟུད་མར་བྱས་ཏེ། མྱུར་ཚད་དང་། ཤུགས་ཚད། དྲོད་ཚད་བཅས་ལ་བརྟེན་ནས་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བར་བྱེད་དགོས།
ཉིན་དེ་དག་ནང་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་དིང་རི་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཤན་ཧྥེང་གིས་ཐོག་མཐའ་བར་གསུམ་དུ་ཧྲང་ཧའེ་ཡི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པ་ཚོའི་སྣེ་ཁྲིད་དེ་ཤང་དང་གྲོང་རྡལ་ཁག་ཏུ་སྐོར་སྐྱོད་སྨན་བཅོས་དང་བདེ་ཐང་མཛུབ་ཁྲིད་བྱེད་པར་བསྐྱོད་ཡོད་ཅིང་། ཁོང་གིས“ང་ཚོས་དུད་ཚང་གཅིག་དང་མི་གཅིག་ཀྱང་མ་ལུས་པའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་བཤད།
འཕྲལ་སྡོམ་གུར་ནང་གི་བོད་རིགས་ཨ་མ་རྒན་མོ་ཞིག་གིས་ཞུས་ཤན་ཧྥེང་ལ་རོགས་སྐྱོར་རེ་ཞུ་བྱས་ཤིང་། ཨ་མ་རྒན་མོ་ཁོང་ལ་སྔོན་ཆད་སྙིང་གི་ན་ཚ་ཡོད་པ་དང་མ་གཞི་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་མེད་ཀྱང་རྐང་ལག་སྐྲངས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད། བརྟག་དཔྱད་བྱས་པ་བརྒྱུད། སྨན་བཅོས་རུ་ཁག་གིས་ཨ་མ་རྒན་མོའི་གནད་དོན་དེ་སྙིང་གི་ན་ཚ་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱས་ནས། སྔོན་ལ་སྨན་སྤྲད་པ་མ་ཟད་འབྲེལ་གཏུག་ཁ་པར་ཨང་གྲངས་ཀྱང་བཞག་སྟེ་དགོང་མོ་ཕྱི་ཙམ་ལ་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་ཞིབ་ཕྲ་བྱེད་པར་ཡོང་དགོས་ལུགས་བརྗོད།
ཞུས་ཤན་ཧྥེང་གིས“མང་ཚོགས་བློ་ཡིད་ཚིམ་པོ་བྱུང་ཚེ་ཚང་མ་བྱེད་རིན་ཡོད་པ་ཞིག་རེད། གུང་ཁྲན་ཏང་ཡོན་དང་བོད་སྐྱོར་སྨན་པ་ཡིན་པའི་ང་ཚོས་ངེས་པར་དུ་གེགས་ཁུལ་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བཤད།
བརྩེ་སེམས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད།
“འདིར་སེར་ཀ་གས་འདུག་པས་ང་ཚོས་རྟགས་ཡག་པོ་བརྒྱབ་ཡོད”ས་ཡོམ་བརྒྱབ་རྗེས། བོད་སྐྱོར་ལས་བྱེད་པ་ས་སྐྱ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེང་ཞུས་ཀྲུང་དང་མཉམ་དུ་ཡོད་པའི་དགེ་རྒན་ཚོས་རྨ་བྱ་ཤང་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་ཚང་མར་ཞིབ་བཤེར་ཞིབ་ཕྲ་བྱས་ཤིང་། ཀྲེང་ཞུས་ཀྲུང་གིས“འདི་དག་ཚང་མ་སློབ་མའི་བདེ་འཇགས་དང་འབྲེལ་བ་ཡོད་པས་ལྷོད་གཡེང་གཏོང་མི་རུང་། ཏང་ཡོན་ཞིག་ཡིན་པའི་ངོས་ནས་རྩ་འཛུགས་ཀྱིས་ང་ཚོར་བཀའ་བཏང་ཚེ་ང་ཚོས་ངེས་པར་དུ་མྱུར་དུ་སྒྲུབ་དགོས”ཞེས་བཤད།
བརྩེ་སེམས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པས། ཏང་ཡོན་ལས་བྱེད་པ་ནི་གེགས་ཁུལ་མང་ཚོགས་ཀྱི་རྒྱབ་རྟེན་དང་སྙིང་ཉེ་བ་ཡིན།
“ཏང་ཡོན་ལས་བྱེད་པས་བསམ་བློ་དེ་བས་གཏིང་ཟབ་དང་དམངས་ལ་བྱ་བ་མང་ཙམ་སྒྲུབ་ཚེ་གེགས་ཁུལ་གྱི་མང་ཚོགས་ཚོ་དེ་བས་བློ་བདེ་བ་ཡོང་སྲིད”ཚེས་13ཉིན་གྱི་དགོང་མོར། ས་རུབ་པ་དང་བསྟུན་ནས་དྲོད་ཚད་ཀྱང་མགྱོགས་མྱུར་ཆག་ཅིང་། མཚོ་སྒང་ཤང་སྐྱིད་འོང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་ཀྲང་ཝུའེ་ཕེང་གིས་ལག་བཞུ་འཁྱེར་ནས་བཀོད་སྒྲིག་བྱ་ཡུལ་ཕྱོགས་སུ་བྲེལ་འཚུབ་ངང་བསྐྱོད་དེ“གནམ་གཤིས་སྔོན་བརྡར་ཉེ་དུས་ཉིན་གཉིས་རིང་དྲོད་ཚད་ཆག་རྒྱུ་ཡིན་ལུགས་བརྗོད་སོང་ལ། ཁ་སང་དགོང་མོ་ད་དུང་གངས་བབས་སོང་། མ་གཞི་ཡུལ་མི་ཚོ་སྟབས་བདེའི་ཁང་པའི་ནང་སྤོས་ཡོད་མོད། ང་རང་ད་དུང་བློ་བདེ་པོ་མི་འདུག་པས་ལྟ་ཙམ་བྱེད་པར་འགྲོ་གི་ཡིན”ཞེས་བཤད།
ཚེས་13ཉིན་གྱི་ཕྱི་དྲོར། ལྷ་རྩེ་རྫོང་མང་ཕུ་ཤང་གི་བཀོད་སྒྲིག་བྱ་ཡུལ་དུ་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ལོ་28ལ་སླེབས་པའི་ཏང་ཡོན་སྐལ་བཟང་སྒྲོལ་མས་ཤང་གི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་གྲོང་མི་ཚོར་སྒོ་ང་དང་སྔོ་ཚལ་སོས་པ་སོགས་འཚོ་བའི་མཁོ་ཆས་སྤྲོད་བཞིན་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་སྐྱིད་ལགས་ཀྱིས་དངོས་ཟོག་བླངས་རྗེས“ང་ཚོ་ཉིན་ལྟར་ལྟོ་ཚ་པོ་ཟ་རྒྱུ་ཡོད་པ་དང་ཁང་པ་དྲོ་པོའི་ནང་སྡོད་རྒྱུ་བྱུང་བས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
སྐལ་བཟང་སྒྲོལ་མས“མང་ཕུ་ཤང་ཆུ་ཁུ་གྲོང་ཚོར་ས་ཡོམ་ཁྲོད་ཁང་པར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་ཀྱང་སྟབས་ལེགས་པ་ཞིག་ལ་མི་སྣ་ཤི་རྨས་བྱུང་མེད། འོན་ཀྱང་ཡོམ་འཕྲོ་རྒྱུན་ཆད་མེད་པར་བརྒྱབ་པ་མ་ཟད། ཆུ་ཁུ་གྲོང་ཚོ་འདི་ཉིད་རི་མཐོ་གྲོག་རོང་ཁྲོད་གནས་པར་དམིགས་ནས། གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་གཅིག་ཀྱང་མ་ལུས་པ་དུས་ཐོག་ཏུ་སྤོ་རྒྱུའི་བཀོད་སྒྲིག་བྱས་ཡོད”ཅེས་བཤད།
“ཡུལ་མི་ཚང་མ་ངའི་གྲོགས་པོ་ཡིན་པས་ང་རང་སྙིང་རྗེ་ཚད་མེད་སྐྱེ་གི་འདུག”ཡེ་ཤེས་ཆོས་ཉིད་ནི་སེང་གེ་གྲོང་ཚོའི་གྲོང་ཚོ་འགན་ལེན་ལས་བྱེད་པ་ཞིག་ཡིན་ཞིང་། ས་ཡོམ་བརྒྱབ་རྗེས། འཁོར་ཞག་ཡིན་པའི་ཁོ་མོ་མགྱོགས་མྱུར་ལྷ་ས་ནས་ལས་གནས་སུ་ལོག་སྟེ་གེགས་སེལ་ལས་དོན་ནང་ཞུགས། ཁོང་གིས་ཁྱིམ་ཚང་རེ་རེར་བསྐྱོད་དེ་ཡུལ་མིར་སེམས་གསོ་གཏོང་བ་དང་ཚང་མའི་སྣེ་ཁྲིད་དེ་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ལས་ལ་གཞོལ་ཡོད།
ཏང་ཡོན་དང་མང་ཚོགས་གཅིག་སེམས་གཅིག་འབྲེལ་གྱིས་འགག་སྒྲོལ་དཀའ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཞིང་། “ངས་རྟག་ཏུ་ཡུལ་མི་ཚོར་ཏང་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ང་ཚོར་རོགས་རམ་བྱེད་ཀྱི་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་ཚང་མས་ང་ཚོར་སེམས་ཁུར་བྱེད་ཀྱི་ཡོད་པས་སྐྲག་དགོས་དོན་མེད། ང་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་རེད་ཅེས་བརྗོད་ཀྱི་ཡོད”ཅེས་སྐལ་བཟང་སྒྲོལ་མས་བཤད།
(འདི་ག་ཚགས་པར་ཁང་གིས་ཕྱོགས་བསྡུས་གནས་ཚུལ་སྤེལ་བ)