སྨན་དོན་མི་སྣས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པ།
རྨས་མ་སྐྱོབ་བཅོས་ལས་ལ་བྲེལ། གོས་དཀར་ལྷ་རྗེའི་ལྷག་བསམ་དཀར།
ཟླ་1ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཧྲང་ཧའེ་ཡི་བོད་སྐྱོར་སྨན་པ་དང་རུས་ནད་ཚན་ཁག་གི་ཀྲུའུ་རེན་ཡུས་ཏེ་ཀང་གིས་གཤགས་བཅོས་གོང་གི་གྲ་སྒྲིག་སླར་ཡང་བྱེད་འགོ་བརྩམས།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་་ནི་བོད་ལྗོངས་དིང་རིའི་ས་ཡོམ་ཁྲོད་ཀྱི་རྨས་མ་ཚབས་ཆེན་མང་ཤོས་ཡོད་པའི་སྨན་ཁང་ཞིག་རེད། དེའི་ཁ་ཉིན། ཡུས་ཏེ་ཀང་གིས་ཞིག་རོའི་ཁྲོད་ནས་བསྐྱབས་པའི་རྨས་མ་ཞིག་ལ་རྐང་ལག་གཅོད་པའི་གཤགས་བཅོས་བྱས་མ་ཐག་རེད།
གཞུང་ལས་ཁང་གི་རྐུབ་སྟེགས་ཆུང་ཆུང་སྟེང་ཁ་ལག་བཞག་ཡོད་པ་དང་རུས་ནད་ཚན་ཁག་གི་སྨན་པ་དང་སྨན་གཡོག་ཚོས་ལྟོ་ཆས་ཕྲན་བུ་རེ་བཟས་རྗེས་སླར་ཡང་ལས་ཀའི་སྐོར་གླེང་། ཡུས་ཏེ་ཀང་གིས“ཕྱི་དྲོར་ད་དུང་གཤགས་བཅོས་ཐེངས་ཁ་ཤས་བྱེད་དགོས་པས་ང་ཚོས་དུས་ཚོད་དམ་འཛིན་བྱས་ནས་གྲ་སྒྲིག་བྱེད་དགོས”ཞེས་བཤད།
ཡུས་ཏེ་ཀང་འཁོར་ཞག་མ་རྫོགས་གོང་གི་ཚེས་8ཉིན་གཞིས་རྩེར་འབྱོར་མ་ཐག་གནམ་ཐང་ནས་ཐད་ཀར་མི་དམངས་སྨན་ཁང་དུ་བསྐྱོད། ཉིན་འགའི་རིང་། ཁོང་གིས་གཤགས་བཅོས་ཐེངས་མང་བྱས་ནས་རྨས་མ་མང་པོའི་ཚེ་སྲོག་བསྐྱབས་པ་མ་ཟད། ད་དུང་སྨན་ཁང་ལ་ཉར་བའི་ས་ཡོམ་ཁྲོད་ཀྱི་རྨས་མ་ཡོངས་ལ་གྲལ་བཤེར་ཡང་བྱས་ཐོག རྨས་སྐྱོན་ཚབས་ཆེ་ཆུང་ལ་གཞིགས་ནས་གཤགས་བཅོས་ཀྱི་དུས་ཚོད་གཏན་འཁེལ་བྱས་ཏེ་སྨན་བཅོས་ཐོན་ཁུངས་བེད་སྤྱོད་གང་ཐུབ་ཡོང་རྒྱུའི་འགན་ལེན་བྱས་པ་རེད།
ཚེས་7ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ལྷག་ཙམ་ལ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པའི་རུ་དཔོན་དང་། སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་བཅས་ཡིན་པའི་ཝུའུ་ཏུང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འཕྲལ་སྡོམ་རོགས་སྐྱོབ་སྨན་བཅོས་རུ་ཁག་གི་རུ་སྣེ་ཁྲིད་དེ་ཡོམ་ཁུལ་དུ་བསྐྱོད། ཝུའུ་ཏུང་གིས“ང་ཚོས‘སྐོར་སྐྱོད་སྨན་ཁང’གི་སྒྲིག་ཆས་ཁྱེར་ཡོད་པས་སྨན་བཅོས་རླངས་འཁོར་ནང་དུ་ཁ་ལག་བཟོ་ཐུབ”ཅེས་བཤད།
ཟླ་ལྔ་ལས་སོན་མེད་པའི་མིང་ལ་སྨིན་དྲུག་ཟེར་བའི་ཕྲུ་གུ་དམར་འབྱར་ཞིག་ལ་གནམ་གཅལ་ཟགས་ནས་གསུས་ཁོག་ལ་འཁེལ་བས་རྨས་སྐྱོན་ཚབས་ཆེན་ཕོག་པས་འཕྲལ་དུ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ། ཝུའུ་ཏུང་གིས་དེ་མ་ཉིད་དུ་ནད་པར་བརྟག་དཔྱད་བྱས་ཏེ་ནད་པའི་རྒྱུ་འགག་དང་ལོང་བ་ཆེ་རུ་ཕྱིན་ཡོད་པ་དང་གསུས་ཁོག་ནང་ཁྲག་དོན་མི་སྲིད་པའི་ནད་ཐག་བཅད་པ་རེད།
ཟླ་བ་ལྔ་ལས་སོན་མེད་པའི་རྨས་མ་ཆུང་ཆུང་དེ་འདྲ་སླེབས་པར་སྨན་བཅོས་ཚོགས་པ་དེས་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་མཚན་གང་སྨན་བཅོས་བྱས་པ་མ་ཟད། གཞང་དཀར་ནག་གི་གནོན་ཤུགས་ཆུང་དུ་གཏོང་བའི་གཤགས་བཅོས་བྱས་པ་རེད།
ཚེས་8ཉིན་གྱི་སྔ་དྲོར་ནད་ཁང་རེ་རེར་བརྟག་དཔྱད་བྱེད་སྐབས་སྨིན་དྲུག་གྲུང་ཤ་དོད་དུ་ཕྱིན་པ་དང་། ཕྱི་ཉིན་སྔ་དྲོར་སྣང་དག་མེད་པར་གྱུར་ནས་སྨན་པ་ཝུའུ་ཏུང་གི་ལག་པ་དམ་པོར་བཟུང་བ་མཐོང་བས། ནད་ཁང་དེའི་ནང་གི་ནད་པ་ཚང་མར་རེ་བ་དང་གསོན་ཤུགས་སྦྱིན།
ཟླ་1ཚེས་7ཉིན་ས་ཡོམ་བརྒྱབ་རྗེས། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་འཕྲལ་མར་ཛ་དྲག་གསོ་རིག་རོགས་སྐྱོབ་རུ་ཁག་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ནས་གཞིས་རྩེར་མངགས།
ས་བབ་མཐོ་ཞིང་དྲོད་ཚད་དམའ་བས་རིགས་གཅིག་མཁས་ཅན་ཚོགས་ཆུང་དེའི་ཚོགས་མི་མང་པོར་ས་མཐོ་མ་འཕྲོད་པའི་ནད་རྟགས་ཐོན་ཡང་ཚང་མས་དཀའ་ངལ་ཁྱད་བསད་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཉིན་རེའི་ལས་ཀ་ནི་ཞོགས་པའི་ཆུ་ཚོད་དགུ་པ་ནས་དགོང་མོའི་ཆུ་ཚོད་བཅུ་གཉིས་པའི་བར་རྒྱུན་མཐུད་དགོས་ཀྱི་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ལིའུ་ལུན་ཞུས་ཀྱིས་གསོ་རླུང་རྔུབ་ཞོར་དུ་ལས་ཀ་བྱས།
ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། དིང་རི་རྫོང་མི་དམངས་སྨན་ཁང་ནས་ཐོན་པའི་མྱུར་སྐྱོབ་རླངས་འཁོར་ཞིག་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་འབྱོར་རྗེས། མྱུར་སྐྱོབ་རླངས་འཁོར་ནང་ཡོད་པའི་ལོ་82ལ་སླེབས་པའི་ཨ་མ་སྒྲོལ་མ་ལ་ས་ཡོམ་ཁྲོད་རུས་པ་ཆག་པ་སོགས་ཀྱི་རྨས་སྐྱོན་ཕོག་ནས་ད་ཆ་དབུགས་འབྱིན་རྔུབ་དཀའ་བ་དང་གཅིན་པ་གཏོང་དཀའ་བར་གྱུར་ཡོད་པ་རེད།
དིང་རི་རྫོང་མི་དམངས་སྨན་ཁང་དུ། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ཅང་ཡའོ་ཝུན་སོགས་ཀྱིས་ཨ་མ་སྒྲོལ་མར་འཕྲལ་དུ་སྨན་བཅོས་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་འཕྲལ་སྒྲུབ་གསོ་རིག་རོགས་སྐྱོབ་རུ་ཁག་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཨ་མ་སྒྲོལ་མར་ཡང་བསྐྱར་བརྟག་དཔྱད་བྱས་ནས་ཆེད་དོན་སྨན་བཅོས་བྱས། ད་ཆ་ཨ་མ་སྒྲོལ་མའི་ནད་གཞི་ཇེ་སྡུག་ཏུ་ཕྱིན་མེད་པ་རེད།
ཚེས་7ཉིན་ས་ཡོམ་རྒྱག་སྐབས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པའི་རུ་མི་དང་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་འཕྲལ་བཅོས་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ཏུང་ཀུའེ་དབྱིང་པེ་ཅིང་དུ་ཚོགས་འདུར་ཞུགས་བཞིན་ཡོད་པ་རེད། བརྡ་ཐོ་འབྱོར་འཕྲལ་ཏུང་ཀུའེ་དབྱིང་པེ་ཅིང་ནས་ཐོན་ཏེ་གནམ་གྲུ་དང་རླངས་འཁོར་ཐེངས་མང་བརྗེས་མཐར་ཚེས་8ཉིན་གྱི་ཕྱི་དྲོར་དིང་རི་རྫོང་གྲམ་མཚོ་ཤང་དང་ཆུ་ལྷོ་ཤང་གི་མཚོ་སྔ་གྲོང་ཚོར་འབྱོར་བ་དང་ལམ་བར་དུ་ཆུ་ཚོད་20ལྷག་ཙམ་ལས་འགོར་མེད་པ་རེད།
“སྔོན་ལ་ཡུལ་མི་ཚོའི་གཟུགས་པོའི་གནས་ཚུལ་དང་དགོས་མཁོ་གང་ཡོད་མེད་ཤེས་རྟོགས་བྱེད་པར་འགྲོ་གི་ཡིན”ཞེས་ཏུང་ཀུའེ་དབྱིང་གིས་བཤད་པ་དང་། ཁོང་གིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་18ཀྱི་གྲང་ངར་ཆེ་བའི་མཚན་མོར་གོས་གྱོན་ནས་ཉལ་རུང་མཚན་གང་གཉིད་དུ་ཡུར་ཐབས་བྲལ།
ཚེས་9ཉིན་གྱི་ཞོགས་པར། ཏུང་ཀུའེ་དབྱིང་སླར་ཡང་མཚོ་སྔ་གྲོང་ཚོར་བསྐྱོད་ནས་མི་200ཙམ་ལ་འོས་འགན་སྨན་བཅོས་བྱས། “ས་ཡོམ་ཁྲོད་ཨ་མ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུ་སྐྱོབ་ཆེད་མགོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། ལས་དོན་མི་སྣས་ཞིག་རོའི་ཁྲོད་ནས་མ་བུ་གཉིས་བསྐྱབས་རྗེས་ཕྲུ་གུའི་གནས་ཚུལ་གང་འདྲ་ཡོད་མེད་ཁོ་ནར་མགོ་འཁོར་ནས་ཨ་མ་དེ་མགོ་ན་བ་དང་སྐྱུག་མེར་ལངས་པ་སོགས་ལ་སྣང་བ་གང་ཡང་བྱུང་མི་འདུག བརྟག་དཔྱད་བྱས་པ་བརྒྱུད་ཁོང་ལ་ནར་འགྱངས་རང་བཞིན་གྱི་ཀླད་ཁྲག་འདྲེས་པའི་དོགས་པ་ཡོད་པས་ང་ཚོས་ལམ་སེང་མ་བུ་གཉིས་རྫོང་སྨན་ཁང་དུ་བསྐྱལ་བ་ཡིན” སྨན་པ་བསྟེན་པར་ཡོང་མཁན་བགྲེས་སོང་ཕལ་ཆེ་བ་ས་ཡོམ་གྱི་འཇིགས་པར་ཞེད་ཐག་ཆོད་ནས་ཁྲག་ཤེད་མཐོ་པོ་ཆགས་ཡོད་པས། སྨན་པ་ཚོས་ནུས་པ་ཐོན་མགྱོགས་པའི་ཁྲག་ཤེད་གཅོག་སྨན་སྟེར་བ་དང་། ཕྲུ་གུ་ཁག་ཅིག་ལ་རྨས་སྐྱོན་ཕོག་རྗེས་ཐམ་མེ་ཐོམ་མེ་ཆགས་ཡོད་པས་སྨན་བཅོས་དང་བླངས་པས་ཆེད་ལས་ཤེས་བྱར་བརྟེན་ནས་ཁོ་ཚོར་སེམས་གསོ་བཏང་བ་རེད།
ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་གཡོག་ལྷ་མོ་གཡུ་སྒྲོན་དིང་རི་རྫོང་དུ་བསྐྱོད།
སྐབས་དེ་དུས་དིང་རི་རྫོང་མི་དམངས་སྨན་ཁང་དུ་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་ཁག་ནས་ཡོང་བའི་རྨས་མ་མང་པོ་ཡོད་པ་དང་། ལྷ་མོ་གཡུ་སྒྲོན་གྱིས་ལམ་སེང་ཁོང་ཚོའི་རྨ་ཁར་དུག་སེལ་དང་རྨ་རས་དཀྲི་བ་སོགས་བྱས་པ་མ་ཟད་རྨས་མ་ཁ་འགྲེམས་བྱས་པ་རེད། དེ་ཉིན་ཁོང་གིས་ཐོ་རེངས་ཆུ་ཚོད་གསུམ་པ་བར་རྨས་མ་བསྐྱབས་ནས་བསྡད།
དེ་རྗེས་ཀྱི་ཉིན་ཁ་ཤས་ནང་རྨས་མ་ཕལ་ཆེ་བ་དྲག་སྐྱེད་བྱུང་ནས་ཁག་གཅིག་སྨན་ཁང་ནས་དོན་པ་དང་། ཁག་གཅིག་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་བ་རེད། “ནམ་རྒྱུན་གྱི་སྨན་ཆུ་བླུག་པ་དང་ནད་པར་ལྟ་རྟོག་བྱེད་པ་ཕུད། ང་ཚོས་ད་དུང་རང་ནུས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་གཏོང་གི་ཡོད”ཅེས་ལྷ་མོ་གཡུ་སྒྲོན་གྱིས་བཤད།
ལྷ་མོ་གཡུ་སྒྲོན་གྱིས་ངང་རྒྱུད་རིང་པོས་བགྲེས་སོང་ཞིག་ལ་སྨན་བཅོས་བྱེད་དགོས་པའི་ཁ་ཏ་བྱས་ཤིང་། ཉིན་འདི་དག་ནང་ཁོང་དང་ལས་རོགས་ཚོས་སེམས་ཁུར་ཆེན་པོས་བགྲེས་སོང་ཁོང་དང་ཅི་འཕྲོས་མོལ་འཕྲོས་བྱས་པ་དང་སྨན་བཅོས་བྱས་མཐར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན།
ཚེས་13ཉིན་ལྷ་རྩེ་རྫོང་གྲའུ་ཤང་ལྕགས་དགའ་གྲོང་ཚོར་སླར་ཡང་སྨིན་དྲུག་ནང་མི་ཚོ་དང་འཕྲད་བྱུང་། དེ་དུས་ཁོ་ཚོ་སྟབས་བདེའི་ཁང་པ་གསར་རྐྱང་ཞིག་ནང་སྤོས་འདུག བོད་སྐྱོར་སྨན་པས་སྐྱོབ་བཅོས་བྱས་པ་བརྒྱུད་སྨིན་དྲུག་དྲག་སྐྱེད་བྱུང་སྟེ་མི་དམངས་སྨན་ཁང་ནས་དོན་མཁན་རྨས་མ་ལོ་ཆུང་ཤོས་ཡིན་པ་དང་། ད་ཆ་སྨིན་དྲུག་སྔར་རྒྱུན་བཞིན་གྲུང་ཤ་དོད་པོ་ཡོད་པ་རེད།
“ཨེམ་རྗེ་ལགས་ཀྱིས་ང་ཚོའི་ཕྲུ་གུ་བསྐྱབས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། མ་གཞི་ས་ཡོམ་ཁྲོད་ཁང་པ་ཚང་མ་ལོག་མོད། འོན་ཀྱང་སེམས་ནུས་གཅིག་སྒྲིལ་བྱས་ན་ཕྱིས་འབྱུང་གང་ཅིའི་ཐད་ལ་སེམས་ཁྲལ་མེད”ཅེས་སྨིན་དྲུག་གི་ཨ་མ་ཆོས་སྒྲོན་གྱིས་བཤད།