དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་བ་ཚེ་རིང་ཕ་ཡུལ་དུ་ལོག་པའི་ཟིན་ཐོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   སུང་ཧའོ་ཤིན། ཧོང་ཧྥུའུ་ཐེ། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2025-01-16

    དུས་ཐུང་ཉིན་འགའི་རིང་ལོ་22ལ་སླེབས་པའི་ཟླ་བ་ཚེ་རིང་ལ་རང་ཉིད་གློ་བུར་དུ་ཆེན་པོ་ཆགས་པའི་ཚོར་སྣང་ཞིག་བྱུང་།

    “ས་ཡོམ་བརྒྱབ་སོང” ཟླ་1ཚེས་7ཉིན་གྱི་ཞོགས་པའི་ཆུ་ཚོད་9པ་ལྷག་ཙམ་ལ། ཅང་སུའུ་ནན་ཅིང་དུ་མཚན་ལས་མཇུག་འགྲིལ་མ་ཐག་པའི་ཟླ་བ་ཚེ་རིང་གི་ཁ་པར་ནས་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་བརྒྱབ་པའི་གསར་འགྱུར་འབྱོར་ནས་ཁོ་པ་གཉིད་ལས་སད། “གྲོང་ཚོའི་གནས་ཚུལ་ཅི་འདྲ་ཡོད་པ་དང་། ནང་མི་གང་འདྲ་བྱས་ཡོད་མེད”སྙམ་ནས་ཁ་པར་ཐེངས་མང་བརྒྱབ་ཀྱང་ལེན་མཁན་གཏན་ནས་མེད་སྟབས། དངངས་སྐྲག་ཆེན་པོ་ལངས་ཏེ་དེ་མ་ཉིད་དུ་ཁྱིམ་ལ་ལོག་རྒྱུའི་བསམ་བློ་ལས་གཞན་གང་ཡང་འཁོར་མེད།

    ཟླ་བ་ཚེ་རིང་དིང་རི་རྫོང་དགུ་རུམ་གྲོང་ཚོར་འཚར་ལོངས་བྱུང་བ་དང་། ད་ལྟ་ནན་ཅིང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་རྩིས་གཉེར་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་བཞི་པ་འགྲིམ་བཞིན་ཡོད། དགུན་ཁའི་གུང་གསེང་འདིར་ཁོང་གིས་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་གསོག་རྩིས་ཡོད། “སློབ་གྲྭ་ཐོན་ཉེར་ཡོད་པས། ལས་ཀ་ཡག་པོ་ཞིག་བཙལ་ཏེ་ཁྱིམ་གྱི་ཁུར་པོ་ཡང་དུ་གཏོང་ཐུབ་ན་བསམ་གྱི་འདུག”ཅེས་བཤད།

    ཟླ་བ་ཚེ་རིང་གིས་ནན་ཅིང་ནས་གཞིས་རྩེ་བར་གྱི་ཚེས་9ཉིན་གྱི་ཆུ་ཚོད་10པའི་གནམ་གྲུའི་སྤ་སེ་ཞིག་ཉོས། གནམ་གྲུ་ནས་བབས་མ་ཐག་བདལ་གཏོང་རླངས་འཁོར་ལ་བསྡད་ནས་གཞིས་རྩེའི་ཕྱོགས་སུ་ལོག

    གཞིས་རྩེར་སླེབས་སྐབས་ཟླ་བ་ཚེ་རིང་གིས་གེགས་སེལ་ལས་དོན་ལ་འགན་ལེན་བྱ་ཆེད། གེགས་ཁུལ་དུ་སྐྱོད་སའི་འགྲོ་ལམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་པ་ཤེས་རྗེས་གྲོང་ཚོར་ཇི་ལྟར་ལོག་དགོས་སྙམ། དངངས་འཚབ་ཆེ་བའི་སྐབས་དེར་ཡོམ་ཁུལ་དུ་སྐྱོད་པའི་རོགས་སྐྱོབ་རླངས་འཁོར་ཞིག་གིས་ཁོང་བླུགས་ནས་གྲོང་ཚོར་བསྐྱལ།

    གཞིས་རྩེ་ནས་དགུ་རུམ་གྲོང་ཚོའི་བར་རྒྱུན་དུ་རླངས་འཁོར་བསྡད་ན་ཆུ་ཚོད་བཞི་ལས་འགོར་གྱི་མེད་པ་དང་ཉིན་དེར་མཚན་གཅིག་ཏག་ཏག་འགོར་ཡོད། “ལམ་རྒྱུད་ཧྲིལ་པོར་རོགས་སྐྱོབ་དངོས་ཟོག་བླུགས་པའི་ཟོག་འདྲེན་རླངས་འཁོར་དང་ད་དུང་རོགས་སྐྱོབ་འཕྲུལ་འཁོར་ཆེ་གྲས་ཀྱིས་ཁེངས་འདུག” མཚན་གུང་དུ་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕ་ཡུལ་ལ་རོགས་སྐྱོར་བྱེད་པའི་ཚ་ཚ་འུར་འུར་གྱི་རྣམ་པ་དག་མཐོང་སྐབས་གཞི་ནས་ཁོང་གི་སེམས་པ་ལྷོད་ལ་བབས། “གཅིག་ལ་གཅིག་མཐུད་ཀྱི་རོགས་སྐྱོབ་རླངས་འཁོར་གྱི་གློག་སྒྲོན་དེ་དག་ནི་རེ་བས་ཁེངས་པའི་གཡུ་འབྲུག་རིང་མོ་ཞིག་དང་མཚུངས”

    ལམ་བར་དུ་ནང་མི་དང་འབྲེལ་བ་ཐེངས་མང་བྱས་རྗེས་མཐར་འབྲེལ་བ་ཐུབ་པ་དང་། ནང་མི་ཚང་མ་བདེ་འཇགས་ཡིན་པ་ཤེས་རྗེས་ད་གཟོད་ཁོང་གི་སེམས་པ་ལྷོད་ལ་བབས། ཚེས་10ཉིན་གྱི་ཞོགས་པ་ཟླ་བ་ཚེ་རིང་དགུ་རུམ་གྲོང་ཚོར་འབྱོར་བ་དང་། ཁོ་པའི་གཅེན་པོ་སངས་རྒྱས་ཀྱིས་སྔ་པོ་ནས་རོགས་སྐྱོབ་བཀོད་སྒྲིག་སྒྲིག་འཛུགས་བྱེད་བཞིན་ཡོད། སངས་རྒྱས་ནི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་ལ་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན་པས། ཉིན་ཤས་རིང་གཉིད་ཉལ་ཁོམ་མ་བྱུང་བས་མིག་གཉིས་དམར་རྐྱང་ཆགས་ཡོད།

    “དེ་ནི་སི་ཁྲོན་མི་དམངས་ཀྱིས་ང་ཚོར་ཞལ་འདེབས་ཕུལ་བའི་སྒོ་ང་དང་། གྱོན་ཆས། ལྷམ། ཞྭ་མོ་སོགས་རེད” སྟབས་བདེའི་ཁང་པའི་མདུན་དུ་ཟླ་བ་ཚེ་རིང་གིས་དངོས་ཟོག་ཁུག་མ་ཆེན་པོ་ཞིག་ཁ་ཕྱེ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྲད་པས། མང་ཚོགས་ཚོས་ཐུགས་རྗེ་ཆེ་ཡང་ཡང་ཞུས། མཚན་མོ་དེར་སངས་རྒྱས་ཀྱིས་ཁ་ལག་འཁྱེར་ནས་ཟླ་བ་ཚེ་རིང་ཐུག་པར་ཡོང་དུས་ཁོ་པས་འཕྲལ་སྡོམ་གུར་ནང་དུས་ཚོད་དམ་འཛིན་གྱིས་ཁ་གང་དོ་ལས་ཟས་མེད། གཅེན་གཅུང་གཉིས་ལ་ད་གཟོད་གཞི་ནས་སེམས་གཏིང་གི་སྐད་ཆ་ཤོད་ཁོམ་བྱུང་།

    “དོ་དགོང་སྟབས་བདེའི་ཁང་པའི་ནང་ལོག་ཐུབ་བཟོ་འདུག རོགས་སྐྱོབ་དང་བཀོད་སྒྲིག་བྱེད་མགྱོགས་པོ་འདུག”

    “ཚང་མ་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་པས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་སངས་རྒྱས་ཀྱིས་བཤད།

    ཉིན་དེ་དག་ལ་ཕྱིར་དྲན་བྱེད་སྐབས“ཕ་ཡུལ་དུ་ལོག་ནས་ཡོམ་འགོག་གེགས་སེལ་ནང་ཞུགས་པའི་ཉམས་མྱོང་ནི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་ཞིག་རེད་འདུག དེའི་རིང་རང་ཉིད་ཀྱིས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲིར་བདེན་དཔང་བྱས་ཡོད་ལ། ཀུན་སེམས་གཅིག་ཏུ་བསྒྲིལ་ན་མཐའ་དག་ལས་རྣམ་པར་རྒྱལ་ངེས་ཡིན་པའི་སྐུལ་མ་ཐེབས་བྱུང”ཞེས་ཟླ་བ་ཚེ་རིང་གིས་བཤད།

    “རེད། འཚོ་བ་རྒྱུན་གཏན་ལྟར་སྐྱེལ་རྒྱུ་ཡོང་ངེས་ལ། ཇེ་ལེགས་ཇེ་བཟང་དུ་ཡང་འགྲོ་ངེས་རེད” སྟབས་བདེའི་ཁང་པའི་ནང་ཟླ་བ་ཚེ་རིང་གཉིད་མ་ཁུག་པར་སློབ་གྲྭར་ལོག་རྗེས་ཀྱི་འཆར་གཞི་བཀོད་པ་སྟེ“ཏང་ནང་ཞུགས་རྒྱུ་དང་། སློབ་གྲྭ་མཐར་ཕྱིན་པ། ལས་ཀ་ཡག་པོ་ཞིག་འཚོལ་བ། ཁྱིམ་ལ་ཁང་པ་གསར་པ་རྒྱག་རོགས་བྱེད་པ་སོགས”ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།