དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བཀོད་སྒྲིག་འགན་ལེན་བྱས། འབྱུང་འགྱུར་རེ་བས་ཁེངས།

    གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་གནོད་འཚེ་ཕོག་ཁུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-16

    འདི་ནི་ཟླ་1ཚེས་11ཉིན་པར་དུ་བླངས་པའི་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་ཡིན་པ།

    ས་སྐྱ་རྫོང་ཡང་ད་རེས་ཀྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་གྲས་ཤིག་རེད། ཟླ་1ཚེས་11ཉིན་གསར་འགོད་པ་ས་སྐྱ་རྫོང་རྨ་བྱ་ཤང་ལྷ་གདོང་གྲོང་ཚོར་སྐྱོད་སྐབས། མང་ཚོགས་གུར་ནང་སྤོས་ཟིན་པ་མ་ཟད། འཚོ་བའི་དངོས་ཟོག་ཀྱང་འདང་ངེས་ཡོད་པ་མཐོང་བྱུང་།

    “ཁྱེད་རྣམ་པ་ང་ཚོའི་ཁང་པར་མགྱོགས་པོ་ལྟ་བར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ས་ཡོམ་བརྒྱབ་རྗེས་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་ཡང་ནས་བསྐྱར་དུ་གནང་བར་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན”ཞེས་ལྷ་གདོང་གྲོང་ཚོའི་ཡུལ་མི་ཕུར་སྒྲོན་གྱིས་གྲོང་ཚོའི་ཁང་པར་འཕྲལ་སྡོམ་གྲལ་བཤེར་ལ་སླེབས་པའི་ལས་དོན་པའི་ལག་ནས་བཟུང་སྟེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    ཁོ་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ས་སྐྱའི་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་ལ་མངགས་པའི་ལས་དོན་པ་ཡིན་ཞིང་། ཁོ་ཚོས་ལྷ་གདོང་གྲོང་ཚོའི་གེགས་རྗེས་ཁང་པར་འཕྲལ་སྡོམ་གྲལ་བཤེར་བྱས་པ་རེད།

    ལྷ་གདོང་གྲོང་ཚོར་དུད་ཚང་155དང་མི་གྲངས་763ཡོད། ད་རེས་ས་ཡོམ་གྱིས་རྐྱེན་པས་དུད་ཚང་146གི་ཁང་པར་གྱང་ལོག་པ་དང་གས་པ་སོགས་གནོད་སྐྱོན་ཚད་གཞི་མི་འདྲ་བ་ཕོག་པའི་ནང་། དུད་ཚང་5ཡི་ཁང་པར་གནོད་སྐྱོན་ཕོག་ཚད་ཅུང་ཚབས་ཆེ་ཙམ་ཡོད་མོད། རྨས་སྐྱོན་ཕོག་པ་གཅིག་རྐྱང་བྱུང་མེད། གྲོང་ཚོའི་ཆུ་དང་། གློག གཞུང་ལམ་སོགས་ཚང་མ་ཤར་གཏོང་ཡིན་པ་མ་ཟད། མང་ཚོགས་ཀྱི་འཚོ་བར་ཡང་ཤུགས་རྐྱེན་དེ་ཙམ་ཆེན་པོ་བྱུང་མེད། ལས་དོན་པས་ཁང་པའི་གཞི་རྩའི་གནས་ཚུལ་ཐོ་འགོད་དང་ཁང་པའི་རྒྱ་ཁྱོན་ཚད་འཇལ་བ་མ་ཟད། གནོད་སྐྱོན་ཐེབས་ས་པར་བླངས་རྗེས། 《གྲོང་གསེབ་སྡོད་ཁང་གི་བདེ་འཇགས་རང་བཞིན་གསལ་འབྱེད་ཀྱི་ལག་རྩལ་མཛུབ་ཁྲིད》ཀྱི་འབྲེལ་ཡོད་ཚད་གཞི་ལྟར། “གྲོང་གསེབ་སྡོད་ཁང་གི་བདེ་འཇགས་རང་བཞིན་གྲལ་བཤེར་གྱི་སྙན་ཞུར”དེ་མཚུངས་ཀྱི་ཉེན་ཁའི་རིམ་པ་ABCDབཞི་ཚོད་སྐོར་བྱས་པ་དང་སྦྲགས་དེ་མཚུངས་ཀྱི་གྲོས་འགོའང་བཏོན་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཐན་མིང་ཆོན་གྱིས། ས་ཡོམ་བརྒྱབ་རྗེས་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀའ་མངགས་དང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་བླང་བྱར་གཞིགས་ནས། དུས་ཐོག་ཏུ་གཞིས་རྩེ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་འབྲེལ་བ་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་དགོས་མཁོ་མཐུན་སྦྱོར་བྱས་ཤིང་། གནོད་འཚེ་ཕོག་ཁུལ་གྱི་སྡོད་ཁང་ལ་ཚད་གཞི་མི་འདྲ་བའི་གནོད་སྐྱོན་ཕོག་ནས་ས་གནས་ས་ཐོག་ཏུ་གྲལ་བཤེར་དང་གཏན་འཁེལ་ལ་འགྲོ་མཁན་ཆེད་ལས་མི་སྣ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཞེས་ངོ་སྤྲོད་བྱས།

    དེ་ནས་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་འཕྲལ་མར་སྡོད་ཁང་གི་སྤུས་ཚད་དང་བདེ་འཇགས་ལ་ཞིབ་བཤེར་བྱེད་མི་14ལས་གྲུབ་པའི་རིགས་གཅིག་མཁས་ཅན་རུ་ཁག་ཟླ་1ཚེས་8ཉིན་གྱི་ཕྱི་དྲོར་རོགས་སྐྱོར་ལ་མངགས། ཉིན་གཉིས་པའི་ཐོ་རེངས་ཀྱི་ཆུ་ཚོད་གཉིས་པ་ཙམ་ལ་གཞིས་རྩེར་འབྱོར་ཞིང་། ལས་བགོས་ལ་གཞིགས་ཏེ་ཉིན་དེའི་ཕྱི་དྲོར་ས་སྐྱ་རྫོང་རྨ་བྱ་ཤང་དུ་གྲལ་བཤེར་ལ་བསྐྱོད་པ་དང་། ཟླ་1ཚེས་11ཉིན་གྱི་བར། རྨ་བྱ་ཤང་གི་གྲོང་ཚོ་4ཡི་དུད་ཚང་374ཡི་ཁང་པ་དང་། སྤྱི་པའི་ཁང་པ་30ལ་གྲལ་བཤེར་བྱས་ཤིང་། སྔོན་དཔག་བྱས་ན། གཟའ་འཁོར་གཅིག་ནང་གྲལ་བཤེར་ལས་དོན་ཚར་བཟོ་ཡོད་པ་མ་ཟད། གྲལ་བཤེར་གྱི་སྙན་ཞུ་བྲིས་ནས་གོམ་སྟབས་རྗེས་མའི་གེགས་རྗེས་བསྐྱར་སྐྲུན་གྱི་ཇུས་གཞི་བཟོ་བར་ལག་རྩལ་ནས་རོགས་སྐྱོར་བྱེད་རྒྱུ་རེད།

    ལྷ་གདོང་གྲོང་ཚོར་བཅའ་སྡོད་ས་སྐྱ་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་ཚེ་རིང་སྟོབས་རྒྱལ་གྱིས། “ཚེས་9ཉིན་གྱི་གོང་། ལག་ཐོགས་ཁ་པར་གྱི་ས་ཡོམ་ཉེན་བརྡས་ཉིན་ལྟར་ཉེན་བརྡ་ཐེངས་འགའ་གཏོང་གི་འདུག ཡིན་ནའང་ཚེས་10ཉིན་གྱི་རྗེས་ནས་ཡོམ་འཕྲོ་རྒྱག་པ་ཚོར་གྱི་མི་འདུག”ཅེས་བཤད།

    ས་ཡོམ་བརྒྱབ་རྗེས། ལྷ་གདོང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་ཀྱང་འཕྲལ་མར་མང་ཚོགས་བདེ་འཇགས་ཡོད་སར་སྤོ་རུ་བཅུག་པ་མ་ཟད། གྱོན་ཆས་དང་བཟའ་བཅའ་སོགས་ཀྱི་དངོས་ཟོག་ཀྱང་མཐུན་སྦྱོར་ཧུར་ཐག་བྱས་ནས་སྤྲད་ཡོད། ཉིན་འགའི་རིང་། ལྷ་གདོང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་ཚོའི་ལས་འགན་གཙོ་བོ་ནི་དངོས་ཟོག་བགོ་བ་དང་། གུར་འབུབས་པ། མེ་དང་གློག་གི་བདེ་འཇགས་ལ་སྐོར་གཡེང་རྒྱག་པ་མ་ཟད། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྨན་ཁང་དང་མཐུན་སྦྱོར་བྱས་ཏེ་མང་ཚོགས་ལ་གཟུགས་པོ་བརྟག་དཔྱད་དང་ཁོ་ཚོའི་སེམས་པ་རྣལ་དུ་ཕབ་ཐབས་བྱ་རྒྱུ་དེ་ཡིན་པ་རེད།

    ས་སྐྱ་རྫོང་གི་གནོད་འཚེའི་གནས་ཚུལ་ཐད། ས་སྐྱ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡུས་ཀྲི་ཧྭ་ལ་བཅར་འདྲི་བྱེད་སྐབས། ཁོང་གིས“ཟླ་1ཚེས་10ཉིན་གྱི་ཉིན་དགུང་བར། རྫོང་ཡོངས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་ཤང་དང་གྲོང་རྡལ་4ནས་མང་ཚོགས་3ལ་རྨས་སྐྱོན་ཅུང་ཟད་ཕོག་པ་དང་། ཁང་མིག་3957ལ་ཚད་གཞི་མི་འདྲ་བའི་གནོད་སྐྱོན་ཕོག་པ་དང་། དུད་ཚང་53གྱི་ཁང་པའི་གྱང་ལོག་པ། ཕྱུགས་རིགས་ལ་གནོད་སྐྱོན་གང་ཡང་བྱུང་མེད་ཚུལ་གྲལ་བཤེར་ཐུབ་ཡོད། རྫོང་ཡོངས་ལ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་26ཡོད་པའི་ནང་མང་ཚོགས་ཕལ་ཆེ་བ་དེར་སྡོད་དུ་བཅུག་པ་ཕུད། དེ་བྱིངས་ཀྱི་མང་ཚོགས་རང་རང་སོ་སོའི་གྲོང་ཚོར་བཀོད་སྒྲིག་བྱས་པ་དང་དུད་ཚང་རེར་གུར་རེ་སྤྱིར་ན་བྱུང་བ་མ་ཟད། རྗེས་མཐུད་ཀྱི་དངོས་ཟོག་ད་དུང་དབོར་བཞིན་ཡོད”ཅེས་གསར་འགོད་པར་བཤད།

    ད་དུང་གསར་འགོད་པར་ཤེས་རྟོགས་བྱུང་བར། ས་སྐྱ་རྫོང་གི་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་སྟབས་བདེའི་ཁང་པ་ཁག་དང་པོ་བརྒྱབ་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།