དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོར་གཅེས་སེམས་ལྷད་མེད་བཅངས། འགག་རྩའི་དུས་སུ་ལྷག་བསམ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-16

    ས་ཡོམ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་བརྩེ་བས་ཁེངས། ཉིན་ཤས་བསྟུད་མར་ས་མཐོར་གཅེས་སེམས་འཆང་མཁན་ཇེ་མང་དུ་ཕྱིན་ནས་ས་ཁུལ་དང་། གྲོང་ཁྱེར། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཕྱར་བ་གྲུ་འདེགས་ངང་མཉམ་དུ་དཀའ་ངལ་ལས་སྒྲོལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ། གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་རེ་བ་སྐྱེད་པ་དང་། ཡིད་ཆེས་སླར་ཡང་འཕེལ་བ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བཅས་བྱེད་རོགས་བྱེད་བཞིན་ཡོད།

    རྒྱལ་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན། ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་རམ་བྱེད་པའི”ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་དང་རོགས་རེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཚང་མས་གཅིག་མཇུག་གཉིས་མཐུད་ངང་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ཅིང་། མིག་སྔའི་བར། བཟོ་ཚོགས་ཁོངས་གཏོགས་ཀྱིས་ཡོམ་འགོག་གེགས་སེལ་མ་དངུལ་སྒོར་ཁྲི་3000ལྷག་ཙམ་གྲབས་གསོག་བྱས་པ་དང་། བཟོ་ཚོགས་ཁོངས་གཏོགས་ཀྱི་གེགས་སེལ་དངོས་ཟོག་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་དབོར་བཞིན་ཡོད་པ་རེད།

    རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་གིས་འཁྱེར་བདེའི་ཁ་ལུད་འཐེན་ཆས་དང་། ཉན་བརྟག་ཡོ་ཆས། འགྱོགས་བྱམས། ཁྲག་ཤེད་བརྟག་ཆས་སོགས་ཀྱི་སྨན་བཅོས་ཡོ་ཆས་ཁྲི་4.54(སྒམ་ཆུང)དང་། ཁ་རས་དང་། ཚ་བ་བརྟག་ཆས། སྲིང་བལ་གྱི་གདན་དང་ཉལ་ཆས། བྱ་སྤུའི་སྟོད་ཐུང་། སྔས་མགོ ལྟེབ་ཁྲི་སོགས་ཁྲི་932.6(སྒམ)ཉོས་ནས་འཕྲལ་དུ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་དབོར་ཡོད།

    ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་གནོད་འཚེ་ཕོག་ཁུལ་ལ་ཞལ་འདེབས་སྒོར་ཁྲི་500བརྒྱབ་ཡོད།

    ཟླ་1ཚེས་9ཉིན། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་ཁག་གཉིས་པར་རིན་ཐང་སྒོར་ཁྲི་446.5རི་བའི་དངོས་ཟོག་གྲབས་གསོག་བྱས་པར་རླངས་འཁོར་156ཟིན་པ་དང་། དེ་དག་ཁག་གསུམ་ལ་བགོས་ནས་གནོད་འཚེ་ཕོག་ཁུལ་ལ་དབོར་ཞིང་། ཟླ་1ཚེས་9ཉིན་གྱི་ཉིན་དགུང་ཆུ་ཚོད་12པའི་བར། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གིས་ཞལ་འདེབས་སྒོར་ཁྲི་8.45གྲབས་གསོག་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་གཞིས་རྩེ་གྲོང་ཁྱེར་གྱི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་རིན་ཐང་སྒོར་ཁྲི་148ལྷག་ཙམ་རི་བའི་གེགས་སེལ་དངོས་ཟོག(ཁག་གཉིས་པ)གཅིག་སྡུད་ངང་གཏོང་སྤྲོད་བྱས་པའི་ནང་། ཟས་རིགས་དང་། སྲིང་བལ་གྱི་ཉལ་ཆས་དང་ལྭ་རིང་སོགས་འཚོ་བའི་དངོས་ཟོག་ཏུན་63ཡོད་པ་དང་། མེ་ཤིང་སྨི་རྒྱ་དཔངས་ངོས་གྲུ་858དང་། འབུད་རྫས་རིལ་བུ་ཏུན་13བཅས་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རོཌ་སྐྱོབ་མི་སྣ་62དང་། རླངས་འཁོར་8 སྒྲིག་ཆས(ཆ་ཚང)889བཅས་སྐོང་འཐེན་བྱས་ནས་གནོད་འཚེ་ཕོག་ཁུལ་ལ་བཏང་བ་མ་ཟད། སྲིང་བལ་གྱི་གུར་དང་ལྭ་རིང་། སྲིང་བལ་གྱི་གོས་ཐུང་། ལྟེབ་ཁྲི། སྟབས་བདེའི་ཐུག་པ། མན་པའོ། ཚགས་ཤ ལུག་ཤ ཕྱུར་བ་སོགས་དངོས་ཟོག་དོ་པོ་36000ལྷག་ཙམ་གཏོང་སྤྲོད་བྱས་ཡོད།

    མངའ་རིས་ས་ཁུལ་གྱིས་རོགས་སྐྱོབ་རུ་ཁག་མངགས་ནས་ཟས་རིགས་དང་། འཐུང་ཆུ། སྔོ་ཚལ་སོས་པ། སྨན་རྫས་སོགས་ཚུད་པའི་སྒྲིག་ཆས་དང་གྲང་འགོག་དྲོད་སྲུང་དངོས་ཟོག་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་སྤྲད་ནས་རོགས་སྐྱོར་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱིས་རྒྱལ་ཁབ་གློག་གཏོང་མ་འཇོག་ཚོགས་པ་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི་དང་ཀྲུང་གོའི་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྱི་ནུས་རྒྱུའི་ཁེ་ལས་ལ་འབོད་སྐུལ་བྱས་ནས་སྒོར་ཁྲི་250ལྷག་ཙམ་རི་བའི་དྲོད་ལེན་སྒྲིག་ཆས་དང་། ཚ་དམ(ཆེ་བ)སོགས་ཚུད་པའི་དངོས་ཟོག་ཞལ་འདེབས་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་ནུས་རྒྱུ་འགན་ལེན་མཁོ་སྤྲོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད།

    ཉིན་ཤས་བསྟུད་མར། དྲོད་ཁོལ་གྱི་གཏམ་རྒྱུད་རེ་རེ་དང་ཞལ་འདེགས་འབུལ་བའི་བྱེད་སྒོ་རེ་རེས་གངས་ལྗོངས་ས་མཐོའི་གང་སར་དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་ཆེན་པོ་མངོན་ནས། ཀུན་སེམས་གཅིག་སྒྲིལ་གྱིས་ཡོམ་འགོག་གེགས་སེལ་བྱེད་པའི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་དང་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།