མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”ལེགས་སྐྱེས་འབུལ་རྒྱུ་ཡིན།
2024ལོའི་ཨ་སི་ཐ་ན་དབུ་ཚོགས་འཚོགས་རྗེས། ཀྲུང་གོས་2024ལོ་དང་2025ལོའི་ལོ་འཁོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། དེ་ནི་ལོ་བདུན་སོང་བའི་རྗེས་སུ་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་སླར་ཡང་འཁུར་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཉིད་མཐུན་སྒྲིལ་ཡིད་ཆེས་དང་། ཞི་བདེ་ལྷིང་འཇགས། དར་རྒྱས་གོང་འཕེལ། ཁྱིམ་མཚེས་འཆམ་མཐུན། དྲང་གཞག་དྲང་བདེན་བཅས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སུ་བསྐྲུན་དགོས་པའི་མཛུབ་སྟོན་གནང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཀོད་གནང་ཡོད།
ཀྲུང་གོས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བར་བརྩི་སྲུང་ཞུས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་སྤེལ་རེས་གཏིང་ཟབ་བྱེད་པ་དང་། མཉམ་ལས་དམ་ཟབ་ཀྱིས་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ལྟེ་གནས་དང་། དུག་འགོག་ལྟེ་གནས། ཆ་འཕྲིན་བདེ་འཇགས་ལྟེ་གནས། རྒྱལ་ཁོངས་ལས་སྒྲོལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་རྡུང་རྡེག་ལྟེ་གནས་བཅས་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། བདེ་འཇགས་གཅིག་མཐུན་ཚོགས་པ་བཙུགས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་དང་། ས་ཁུལ་ཡུན་རིང་བདེ་འཇགས་ལ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་བདེ་འཇགས་དང་བརྟན་ལྷིང་སྲ་བརྟན་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུ་རེད།
ཀྲུང་གོ་ཕྱོགས་ཀྱིས་2025ལོ་དེ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལོར”གཏན་འཁེལ་བྱ་རྒྱུའི་གྲོས་འགོ་བཏོན་ཞིང་། བརྗོད་གཞི་དེར་དམིགས་ནས་ཀྲུང་གོས་མཉམ་མོལ་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་ཀྱི་བདེ་འཇགས། སྤྱི་པའི་འཕྲོད་བསྟེན། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས། བཟོ་ལས་ཅན། གྲངས་འཛིན་དཔལ་འབྱོར། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཚུད་པའི་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོའི་གཙོ་གནད་ཁྱབ་ཁོངས་བརྒྱད་དུ་མཉམ་ལས་དང་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ས་ཁུལ་དེ་གའི་ས་ཁོངས་མཉམ་ལས་ཀྱི་གྲོས་འགོ་དང་ཁོངས་མིའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་དང་། གཉིས་ཁེ་གཉིས་ཕན་དང་ཐུན་མོང་དར་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱ་རྒྱུ་རེད།
ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་བསྡུས་གསོག་འཇོག་གི་སྒོ་དབྱེའི་བསམ་བློའི་ཐོག་ནས་རྩ་འཛུགས་དེ་གའི་རོགས་ཟླ་དང་མཉམ་དུ་དམངས་སེམས་གཅིག་མཐུན་གྱི་ས་རྒྱུ་གཤིན་པོ་འདེབས་རྒྱུ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་འཆམ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་དམངས་ཁྲོད་མཛའ་མཐུན་སྒྲིག་གཞིར་བརྟེན་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡུལ་སྐོར་དང་རིག་གནས་གྲོང་ཡིན་པའི་ཆིང་ཏའོ་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།
2025ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་རེད། འགྱུར་ལྡོག་ཆེ་ལ་རྙོག་ཟིང་ཆེ་བའི་འཛམ་གླིང་གི་གནས་བབ་མདུན་དུ། ཀྲུང་གོས་རྩ་འཛུགས་དེའི་ཁོངས་མིའི་རྒྱལ་ཁབ་ཁག་ལ་མཐུན་སྒྲིལ་བྱེད་པ་དང་། ཁྱིམ་མཚེས་འཆམ་མཐུན་མཐའ་འཁྱོངས་དང་ཞི་བདེ་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏོང་མི་སྲིད་ལ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་སྒྲིག་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བརྟན་པོ་བྱེད་པའི་ཆོད་སེམས་ལའང་འགྱུར་བ་གཏོང་མི་སྲིད།
ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཕྱི་འབྲེལ་སྔོན་སྐྱོང་གི་ཁ་ཕྱོགས་སུ་བརྩིས་ནས“‘ཧྲང་ཧའེ་ཡི་སྙིང་སྟོབས’དར་སྤེལ་གཏོང་བ་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པའི་འབོད་ཚིག་ལག་ལེན་བསྟར་ནས་རྩ་འཛུགས་དེ་གའི་རོགས་ཟླ་དང་མཉམ་དུ་ཡོངས་ཁྱབ་བདེ་འཇགས་ལ་ཕན་ཡོད་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དང་། ཐུན་མོང་འཕེལ་རྒྱས་ལ་ཆོད་སེམས་བརྟན་པོ་བསྣན་རྒྱུ། ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྒུལ་ཤུགས་གལ་ཆེན་འདོན་རྒྱུ། ཡུན་རིང་ཞི་བདེར་མཉམ་ཤུགས་གཅིག་སྒྲིལ་རྒྱ་ཁྱབ་བྱ་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་བཅས་ཀྱི་ཆེད་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”ལེགས་སྐྱེས་འབུལ་རྒྱུ་རེད།
(རྩོམ་པ་པོ་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ)