ཀྲུང་གོའི་རླངས་འཁོར་ཁེ་ལས་མང་པོ་ཞིག་2025ལོའི་པུ་རུ་སེར་གྱི་རླངས་འཁོར་འགྲེམས་སྟོན་ལ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། 2025ལོའི་པུ་རུ་སེར་རླངས་འཁོར་འགྲེམས་སྟོན་པུ་རུ་སེར་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་རེད། པི་ཡ་ཏི་དང་། ཧྲང་ཆི་ཏ་ཐུང་། ཧུང་ཆི། ཞའོ་ཕེང་། ཆི་རུའེ། ལིང་ཕའོ་སོགས་ཀྲུང་གོའི་སྤུས་རྟགས་10ལྷག་ཙམ་གྱིས་རླངས་འཁོར་དཔེ་དབྱིབས་གསར་པ་དང་ལག་རྩལ་གསར་པ་འཁྱེར་ནས་འགྲེམས་སྟོན་ལ་ཞུགས་པ་དང་འབྲེལ། རླངས་འཁོར་ལས་རིགས་གློག་སྒུལ་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སྒྱུར་སོགས་ཀྱི་འཕེལ་ཕྱོགས་ཐད་ལས་རིགས་ནང་ཁུལ་གྱི་མི་སྣ་དང་སྤེལ་རེས་ཀྱང་བྱས་པ་རེད།
སྐབས་འདིའི་རླངས་འཁོར་འགྲེམས་སྟོན་ལ་སྲོལ་རྒྱུན་གྱི་ནང་འབར་རླངས་འཁོར་དང་། མཉམ་བསྲེས་སྒུལ་ཤུགས་རླངས་འཁོར། གློག་སྒུལ་རྐྱང་པའི་རླངས་འཁོར་བཅས་ཐུན་མོང་ཐོག་བསྟན་པ་དེ་ཐོག་ནས་ལས་རིགས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་འཛད་སྤྱོད་པའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་རྒྱུའི་ཐད་འབད་བརྩོན་བྱས་པ་མཚོན་གྱི་ཡོད། ཡོ་རོབ་ཀྱི་སྤུས་རྟགས་མང་པོ་ཞིག་གིས་ཀྱང་རླངས་འཁོར་འགྲེམས་སྟོན་ལ་རིན་གོང་འཚམ་པའི་གློག་སྒུལ་རླངས་འཁོར་བསྟན་ནས་གློག་སྒུལ་རླངས་འཁོར་ཉོ་བའི་རིན་གོང་དམའ་རུ་བཏང་བ་བརྒྱུད་འཛད་སྤྱོད་པ་དེ་བས་མང་བའི་ཡིད་དབང་བཀུག་ཡོད།