དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞུང་ལམ་ཚང་མ་ཤར་གཏོང་ཐུབ། སེམས་དང་སེམས་པ་གཅིག་ལ་སྦྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-15

    འདི་ནི་ཟླ་1ཚེས་11ཉིན་བོད་ལྗོངས་དིང་རི་རྫོང་མཚོ་སྒང་ཤང་སྲིད་གཞུང་ཉེ་འགྲམ་གྱི་བཀོད་སྒྲིག་བྱ་ཡུལ་དུ་ཀན་སུའུ་ལིན་ཞ་ནས་ཡོང་བའི་དང་བླངས་པས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཅའོ་ཙེ་དང་ཐུག་པ་སོགས་རིན་མེད་མཁོ་འདོན་བྱེད་བཞིན་པ།

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་རྒན་པ་དོན་གྲུབ་རྒྱལ་མཚན་གྱིས“ཡོམ་ཁུལ་དུ་མགྱོགས་མྱུར་སྐྱོད་དགོས”ཞེས་ཛ་དྲག་གི་བཀའ་བཏང་། སྐར་མ་3ལས་མ་འགོར་བར་དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཡོམ་ལྟེ་གྲམ་མཚོ་ཤང་ལ་རོགས་སྐྱོར་བྱེད་པར་ཐོན།

    དིང་རི་རྫོང་ནས་གྲམ་མཚོ་ཤང་བར་རྒྱལ་ལམ་318དང་219གཉིས་ལ་སྐྱོད་དགོས་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་40ཙམ་ཡོད་པ་མ་ཟད་ད་དུང་གྲོང་ཚོའི་ལམ་ཁ་ཤས་བརྒྱུད་དགོས་ཀྱི་ཡོད། དོན་གྲུབ་རྒྱལ་མཚན་ལ“འགྲོ་ལམ་ལ་གཏོར་སྐྱོན་ཕོག་མེད་དམ་སྙམ་པ་དང་རོགས་སྐྱོབ་ལ་ཤུགས་རྐྱེན་ཐེབས་མི་མྱོང་ངམ་སྙམ་པའི”སེམས་ཁྲལ་ཆེན་པོ་བྱུང་ཡོད།

    “ལམ་ཤར་གཏོང་ཡིན་པས་ང་ཚོ་ཡོམ་ཁུལ་དུ་འབྱོར་སོང”ཞེས་ཆུ་ཚོད་9དང་སྐར་མ་45ལ་དཔུང་ཁག་གྲམ་མཚོ་ཤང་དུ་འབྱོར་རྗེས་དོན་གྲུབ་རྒྱལ་མཚན་གྱིས་འཕྲལ་མར་གོང་རིམ་ལ་སྙན་སེང་ཞུས། “གཞུང་ལམ་ལ་གཏོར་སྐྱོན་དེ་ཙམ་ཕོག་མེད་པས་རོགས་སྐྱོབ་དང་འཚོལ་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་བརྩོན་ལེན་བྱེད་ཐུབ་ཡོད”དཔུང་ཁག་གིས་མགྱོགས་མྱུར་དགུ་རུམ་གྲོང་ཚོ་སོགས་སུ་རོགས་སྐྱོབ་བྱེད་འགོ་ཚུགས།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཡོམ་འགོག་གེགས་སེལ་བྱེད་རིང་གཞུང་ལམ་དང་། གློག་ལམ། དྲ་ལམ་བཅས་ཚང་མ་ཤར་གཏོང་ཐུབ་པ་ནི་ཚེ་སྲོག་གི་ལམ་བུ་དང་རེ་བའི་ལམ་བུ་རེད།

    གཞུང་ལམ་གྱིས་རོགས་སྐྱོབ་ཐད་དུས་ཚོད་བརྩོན་ལེན་བྱས་པ།

    བཟའ་བཅའ་དང་། འཐུང་ཆུ། དྲོད་ཐབ། སྲིང་བལ་གྱོན་གོས་སོགས་རོགས་སྐྱོབ་དངོས་ཟོག་བྱུར་བུར་བླུགས་པའི་རླངས་འཁོར་མང་དག་གཅིག་གྲོང་ཚོའི་ལམ་བུ་བརྒྱུད་གྲོང་ཚོར་སྐྱེལ་བ་མཐོང་སྐབས་ཆུ་ལྷོ་ཤང་འཚོ་བར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཕུན་ཚོགས་ཀྱི་སེམས་རེ་ཞིག་ཞི་ལྷོད་དུ་སོང་ནས“ང་ཚོའི་གྲོང་ཚོར་དུད་ཚང་109དང་མི་530ལྷག་ཙམ་ལས་མེད་ཀྱང་ཏང་དང་སྲིད་གཞུང་གིས་ང་ཚོར་ཨར་འདམ་གྱི་གྲོང་ཚོའི་ལམ་ཞིག་བསྐྲུན་ནས་རྒྱལ་ལམ་219དང་ཐད་ཀར་སྦྲེལ་ཡོད། སྟབས་ལེགས་པ་ཞིག་ལ་ད་ཐེངས་ས་ཡོམ་གྱིས་གྲོང་ཚོའི་ལམ་ལ་གཏོར་སྐྱོན་མ་ཕོག་པས་རོགས་སྐྱོབ་མི་སྣ་དང་དངོས་ཟོག་གང་མགྱོགས་འབྱོར་ཐུབ་ཡོད”ཅེས་བཤད།

    བཀྲ་ཤིས་ཕུན་ཚོགས་ཀྱིས་གྲོང་ཚོའི་ལམ་དེ་བཟོས་པ་ནས་བཟུང་ང་ཚོའི་གྲོང་ཚོ་ནས་དིང་རི་རྫོང་དང་ཐ་ན་གཞིས་རྩེ་གྲོང་ཁྱེར་དུ་ཐད་ཀར་ཤར་བགྲོད་ཐུབ་པས། གྲོང་ཚོའི་ནང་གི་འདྲེ་ཚེར་མ་ནག་པོ་དང་། ཞོག་ཁོག ནས་ནག་སོགས་ཁྱད་ལྡན་ཐོན་རྫས་དེ་བས་ཡངས་པའི་ཁྲོམ་རར་བཏོན་ཐུབ་ཡོད། “གྲོང་ཚོའི་ལམ་ནི“འབབ་འཕར་ལམ”ཡིན་ལ། ད་ཐེངས་ཀྱི་ས་ཡོམ་ཁྲོད་དུའང“སྲོག་སྐྱོབ་ལམ”དུ་གྱུར་ཡོད”ཅེས་བཤད།

    འགྲོ་ལམ་ནི་འཕེལ་རྒྱས་ཀྱི“འཕར་རྩ་ཆེ་ཤོས”ཡིན་ལ། དེ་བས་གེགས་སེལ་གྱི“མཁོ་སྤྲོད་ལམ་ཐིག”དང“སྲོག་ཐིག”ཡིན། 2024ལོའི་ལོ་མཇུག་བར། བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.49ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་97.99%དང་86.05%སོ་སོར་ཟིན་ནས་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.48ཟིན་ཡོད།

    བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ལིའུ་ཀྲེ་ཆང་གིས“ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་མི་སྣ་དང་། འཕྲུལ་ཆས་སྒྲིག་ཆས། རླངས་འཁོར་བཅས་ཡོམ་ཁུལ་གྱི་རྒྱལ་ལམ་དང་ཞིང་ཆེན་ལམ་གཙོ་བོའི་ལམ་རྒྱུད་དུ་གནོད་འཚེའི་གནས་ཚུལ་གྲལ་བཤེར་བྱེད་པར་བཏང་བ་དང་། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་4ཡི་ནང་ས་ཡོམ་བརྒྱབ་པའི་ཉིན་དེར་གཏོར་སྐྱོན་ཕོག་པའི་རྒྱལ་ལམ་དང་ཞིང་ཆེན་ལམ་ཚང་མ་ཉམས་བཟོ་ཐུབ་ནས་རོགས་སྐྱོབ་སྟོབས་ཤུགས་དང་ཉེན་སེལ་གུད་སྐྱོབ་ཀྱི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་མགྱོགས་མྱུར་གེགས་ཁུལ་དུ་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    བསྡོམས་རྩིས་ལ་གཞིགས་ན། ཚེས་12ཉིན་གྱི་ཆུ་ཚོད་15ཡི་བར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་གེགས་ཁུལ་དུ་འཕྲལ་སྡོམ་སྐྱེལ་འདྲེན་རླངས་འཁོར་853(ཐེངས)བཏང་བ་དང་། དངོས་ཟོག་ཏུན་17500དབོར་བ། མི་གྲངས་562(ཐེངས)བརྒྱུད་སྐྱེལ་བྱས་ཡོད།

    གློག་ལམ་གྱིས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

    “གནོད་འཚེ་ནི་བཀའ་རྒྱ་དང་གློག་འགན་ལེན་བྱ་རྒྱུ་ནི་ལས་འགན་རེད” ཟླ་1ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཁབ་གློག་དྲ་དིང་རི་རྫོང་གློག་འདོན་ཀུང་སིའི་མཁོ་སྤྲོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་བཟང་ཕུན་ཚོགས་ཀྱིས་དཔུང་ཁག་ཁྲིད་དེ་གནོད་འཚེ་ཚབས་ཆེན་ཕོག་པའི་དགུ་རུམ་གྲོང་ཚོར་གློག་ལམ་ཉམས་བཟོ་བྱས་པ་རེད།

    ཆུ་ཚོད་15བསྟུད་མར་འབད་འཐབ་རྒྱུན་མཐུད་བྱས་པ་བརྒྱུད། དགུ་རུམ་གྲོང་ཚོའི་གློག་ལམ་དང་པོ་ཉམས་གསོ་ཐུབ་ཡོད། “གློག་སླེབས་སོང”ཞེས་ས་ཡུལ་དངོས་ཀྱི་མི་རྣམས་ཀྱིས་དགའ་འབོད་བྱས།

    གློག་སྒྲོན་རེ་རེ་བཞིན་འབར་དུས་འོད་ཟེར་དང་དྲོ་སྐྱིད་སྦྱིན།

    ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། དགུ་རུམ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པ་བརྒྱབ་ཟིན་མ་ཐག་རྒྱལ་ཁབ་གློག་དྲ་གཞིས་རྩེ་གློག་འདོན་ཀུང་སིའི་གྲོང་ཁུལ་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་བཀོལ་སྤྱོད་ཉམས་གསོ་ཚན་ཁག་གི་པན་ཀྲང་ལྷག་པ་དོན་གྲུབ་ཀྱིས་ལས་རོགས་དང་མཉམ་དུ་སྟབས་བདེའི་ཁང་པའི་ཐོག་ཁར་འཛེགས་ནས་གློག་སྐུད་མཐུད། “ཡུལ་མི་ཚོ་སྟབས་བདེའི་ཁང་པའི་ནང་སྤོས་རྗེས་གློག་སྤོར་རྒྱུ་ཡོད་པའི་དགའ་སྤྲོའི་རྣམ་པ་མཐོང་སྐབས་ང་ཚོས་དཀའ་ལས་རྒྱག་རིན་ཆོག་འདུག”

    ས་ཡོམ་བརྒྱབ་རྗེས་ཆུ་ཚོད་5ཡང་མ་འགོར་བར་དིང་རི་རྫོང་གྲོང་དུ་གློག་མཁོ་འདོན་སླར་གསོ་ཐུབ་པ་དང་། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་18ནང་མཚོ་སྒང་ཤང་དང་། གྲམ་མཚོ་ཤང་། ཆུ་ལྷོ་ཤང་སོགས་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ས་ཁོངས་སུ་གློག་མཁོ་འདོན་སླར་གསོ་ཐུབ་པ། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་34ཡི་ནང་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་དང་མང་ཕུ་ཤང་ཚུད་པའི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གློག་སྒྱུར་ས་ཚིགས་ཀྱི་སྐུད་ལམ་ཚང་མ་སླར་གསོ་ཐུབ་པ། ཚེས་11ཉིན་གྱི་ཕྱི་དྲོར། ཡོམ་ལྟེའི་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ཚང་མར་གྲོང་ཁྱེར་གྱི་གློག་སྦྲེལ་མཐུད་ཐུབ་པ་བཅས་བྱུང་ཡོད།

    “དྲ་ལམ”གྱིས་བློ་སེམས་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་པ།

    ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་དེར་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ལག་རྩལ་པ་ལྷག་ཕུན་གེགས་ཁུལ་དུ་བསྐྱོད་དེ་རྐེད་པར་བདེ་འཇགས་ཐག་པ་བཏགས་པ་དང་ལག་ཏུ་གློག་ལམ་པང་ལེབ་བཟུང་ནས་སྦྲེལ་ཚུགས་ལྕགས་སྒྲོམ་ཐོག་འཛེགས་ཏེ་ལྷུ་ལག་ལ་ཞིབ་བཤེར་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། གློག་སྐུད་ཉམས་བཟོ་བཅས་བྱས་ཡོད། ལྷག་ཕུན་གྱིས“དྲ་རྒྱ་ཁྱབ་མེད་པའི་ས་ཁོངས་སུ་ང་ཚོས་ད་དུང་གནས་སྐབས་བྱང་སྐར་འཕྲིན་ཐུང་འཕྲལ་སྡོམ་ཞབས་ཞུ་མཁོ་འདོན་བྱས་ནས་མང་ཚོགས་ཚོར་གཉེན་ཉེ་དང་གྲོགས་པོར་འབྲེལ་གཏུག་དང་དེ་བས་ཕྱི་ཕྱོགས་ཀྱི་རོགས་རམ་མགྱོགས་པོ་ཐུབ་པ་བྱས་ཡོད”ཅེས་བཤད།

    ས་ཡོམ་བརྒྱབ་ནས་ཉིན་གཅིག་ཀྱང་མ་འགོར་བར་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཡོངས་ནས་འཕྲལ་སྡོམ་མི་སྣ་མི་ཐེངས་423དང་། འཕྲལ་སྡོམ་རླངས་འཁོར་སྣ་ཚོགས་ཐེངས་133 སྲུང་སྐར་ཁ་པར་450བཅས་བཏང་བ་རེད། ཚེས་8ཉིན་གྱི་ཆུ་ཚོད་14ཙམ་ལ། དིང་རི་རྫོང་གི་ས་ཡོམ་གྱི་ཤུགས་རྐྱེན་དབང་གིས་སྦྲེལ་ཚུགས་ཞབས་ཞུ་མི་ཐུབ་པ་ཚང་མ་མྱུར་བཟོ་ཤར་གཏོང་དང་སླར་གསོ་ཐུབ་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་འཕྲིན་གཏོང་དྲ་རྒྱ་ཕྱོགས་ཡོངས་ནས་འཁོར་རྒྱུག་བརྟན་པོ་བྱུང་ཡོད།

    “དྲ་ལམ”བརྟན་པོ་ནི་རོགས་སྐྱོབ་ཀྱི“བརྡ་རྟགས་ལམ”རེད།

    “ང་ཚོས་ཡོམ་ལྟེའི་ཁུལ་དུ་གཏན་འཇགས་བཀོད་འདོམས་པུའུ་1དང་སྒུལ་བདེའི་བཀོད་འདོམས་པུའུ་4བཙུགས་ཏེ‘སྲུང་སྐར་དང་ཆེད་དྲ་ཟུང་འབྲེལ’གྱིས་མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་སྒྲ་དང་བརྙན་ལམ་བརྒྱུད་གཏོང་ཐུབ་པའི་འགན་ལེན་བྱས་ཡོད”བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། ཉིན་དེ་དག་ནང་དཔུང་ཁག་གིས་བརྙན་འཕྲིན་བརྒྱུད་གཏོང་སྒྲིག་ཆས་28འཐེན་ཁྲིད་བྱས་ནས་བརྙན་ལམ་བརྒྱུད་གཏོང་འགན་ལེན་རྒྱུན་མཐུད་བྱས་ཏེ་ས་གནས་ཁག་གི་རོགས་སྐྱོབ་གནས་ཚུལ་དུས་ཐོག་ཏུ་རིམ་ཁག་བཀོད་འདོམས་པུའུ་ལ་བརྒྱུད་གཏོང་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བཤད།

    ཤར་གཏོང་ཐུབ་པའི“དྲ་ལམ”ནི་གཅིག་སེམས་གཅིག་ཏུ་སྦྲེལ་བའི“མྱུར་བགྲོད་ལམ”ཞིག་ཡིན།

    ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ལོ་17ལ་སླེབས་པའི་བསྟན་འཛིན་འཛོམས་པ་རྡོ་སྐས་ཐོག་བསྡད་དེ་གྲོགས་པོ་ཆུང་ཆུང་དང་མཉམ་དུ་ལག་ཐོགས་ཁ་པར་ནས་བརྙན་ལམ་ལ་ལྟ་བཞིན་ཡོད། “ས་ཡོམ་བརྒྱབ་རྗེས་དང་ཐོག་ང་དངངས་འཚབ་ཆེན་པོ་བྱུང་མོད། འོན་ཀྱང་བརྙན་ཐུང་ལ་བལྟས་རྗེས་རོགས་སྐྱོབ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་མཐོང་བ་དང་། མི་མང་པོས་ང་ཚོར་དོ་ཁུར་དང་དངོས་ཟོག་སྣ་ཚོགས་དབོར་བ་ཤེས་པས། སྐྲག་སྣང་དེ་ཙམ་མ་་བྱུང”ཞེས་བསྟན་འཛིན་འཛོམས་པས་བཤད།

    རྒྱལ་ལམ་318ལྷ་ས་ནས་དིང་རི་བར་གྱི་དུམ་བུ་དང་དེ་ནས་དིང་རི་རྫོང་གི་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་བར་གྱི་ལམ་དང་། ས་མཐོའི་ལྕགས་སྒྲོམ་སྐུད་ལམ་ནས་ཡོམ་འགོག་སྟབས་བདེའི་ཁང་པ་རེ་རེའི་བར་གྱི་གློག་ཤུགས་སྐུད་ལམ། གེགས་ཁུལ་དུ་ཁྱབ་པའི་5Gདང་། 4G སྲུང་སྐར་བརྡ་རྟགས་བཅས་ནས་ཁྱིམ་ཚང་ཚང་མའི་གཉེན་ཉེའི་དབར་གྱི་སྐད་ཆའི་བར་ཚང་མར་འཛུགས་སྐྲུན་པའི་སྙིང་སྟོབས་དང་རོགས་སྐྱོབ་མཁན་གྱི་འབད་བརྩོན་བསྡུས་ཡོད། འགན་སྲུང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་རྒྱུན་ཆད་རྒྱུ་མེད་པ་དང་། དྲོ་སྐྱིད་དང་འོད་ཟེར་ལྡན་པའི་གློག་རྒྱུན། གཅིག་སེམས་གཅིག་ལ་སྦྲེལ་བའི་འཕྲིན་འགྲུལ་བཅས་ཀྱིས་ཚེ་སྲོག་སྐྱོབ་ལམ་ཐོག་བྲེལ་བཞིན་ས་མཐོར་བརྩེ་སེམས་ཀྱིས་དྲོད་པར་བྱས།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།