ཐོག་མཐའ་བར་གསུམ་དུ་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་དུ་གནས།
ཉེན་ཁའི་སྐབས་སུ་འཇོན་ཐང་མངོན་པ་དང་འགག་རྩའི་སྐབས་སུ་བདེན་པ་མཐོང་། བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8གྱི་གེགས་ཁུལ་གྱི་འཐབ་ས་དང་པོར་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། ལམ་ལུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་ཇི་ལྟར་བྱས་ནས་ལས་ཀའི་ལེགས་ཆར་བསྒྱུར་བ་དེ་གསར་འགོད་པས་དངོས་གནས་ཚོར་བྱུང་།
གདོང་ལེན་མདུན་སྐྱོད་བྱེད་མཁན་ཏང་ཡོན་མི་རེ་ནི་ཏང་དར་རེ་རེ་ཡིན།
གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱི་ཨ་མ་རྒན་མོ་སྟབས་མ་ལེགས་པར་ཚེ་ལས་འདས་ཀྱང་ཁོང་གིས་དམིགས་བསལ་གྱི་དུས་སྐབས་སུ་ལས་གནས་བརྟན་སྲུང་བྱས། མཚོ་སྒང་ཤང་ཡེ་བྱང་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས་ཁྱིམ་ཚང་རེ་རེ་བཞིན་བསྐྱོད་དེ་སེམས་གསོ་གཏོང་བ་དང་། ཡིད་གཟབ་དོན་གནད་དྲན་སྐུལ་བྱས་པ། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཤེས་རྟོགས་སོགས་བྱས་ཡོད།
མི་སྣ་འཚོལ་སྐྱོབ་བྱེད་སྐབས“མི་གཅིག་ཀྱང་མ་ལུས་པ་བྱེད་དགོས”ཉེན་སེལ་རྒུད་སྐྱོབ་བྱེད་སྐབས“ཁྱོད་ཀྱི་ཁྱིམ་ནི་ང་ཚོའི་ཁྱིམ་ཡིན”མི་སྣ་བཀོད་སྒྲིག་བྱེད་སྐབས“ལྟོ་ཆས་ཚ་པོ་མི་སེར་ལ་འཇོག་དགོས” ཞིག་རོ་མཐོང་དུས“མིག་ཆུ་ཕྱིས་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས”ཞེས་པའི་སྐད་ཆ་ལས་ཏང་ཡོན་གྱི་རྣམ་པ་དང་ཏང་གཤིས་ཀྱི་ངོ་བོ་མངོན་ཡོད།
ཉིན་ཤས་རིང་། དིང་རི་རྫོང་དང་ལྷ་རྩེ་རྫོང་སོགས་གནོད་འཚེ་ཕོག་པའི་རྫོང་ལྔའི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་ཏང་ཡོན་གདོང་ལེན་རུ་ཁག་1150བཙུགས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གོ་རིམ་ལྡན་པའི་ངང་གེགས་འགོག་རང་སྐྱོབ་བྱས། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།
ཉེན་ཁའི་མདུན་དུ་གྲོང་ཚོའི་ལས་བྱེད་པ་མང་ཚོགས་ཀྱི་བློ་གཏད་བཅོལ་སར་གྱུར་པ།
མཚོ་སྒང་ཤང་སྐྱིད་ལྡིང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཀྱིས་རང་ཁྱིམ་གྱི་ཁང་པ་ལོག་ཀྱང་ཁ་ཡ་བྱེད་ལོང་མེད་པར་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་སྣེ་ཁྲིད་ནས་རང་སྐྱོབ་བྱས། དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དོན་གྲུབ་ཚེ་རིང་ནད་གཞི་སངས་དྲག་མ་བྱུང་ཡང་སྨན་ཁང་ནས་དོན་ཏེ་རོགས་སྐྱོབ་ལས་ལ་ཞུགས།
ད་ཐེངས་ཀྱི་ས་ཡོམ་གྱི་རིམ་པ་མཐོ་བ་དང་། གས་ཚད་ཆེ་བ། ཡོམ་ཁུངས་ཀྱི་གཏིང་ཚད་རིང་པོ་མེད་པ། མི་སྣ་བལྟོས་བཅས་ཀྱིས་གཅིག་སྡུད་བཅས་ཡིན་པ་དང་། ས་བབ་མཐོ་ལ་དགུ་འགྲིམ་པའི་སྒང་ཡིན་པས་གེགས་སེལ་ལས་དོན་སྤེལ་སྐབས“མུ་གེའི་སྟེང་ལ་ཟླ་ལྷག”འཁེལ་བ་བཞིན་དཀའ་ངལ་ཆེན་པོ་འཕྲད་ཡོད། འོན་ཀྱང་གནོད་འཚེ་ཕོག་པའི་གྲོང་གསེབ་ཏུ་སྐྱོད་སྐབས་མི་སྣ་རོགས་སྐྱོབ་དང་དངོས་ཟོག་བགོ་བཤའ་གང་ཡིན་རུང་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
གུར་བརྒྱབ་པ་དང་ཐབ་ནང་མེ་བཏང་བའི་དྲོ་སོབ་སོབ་ཀྱི་རྣམ་པ་དེས“རེག་བྱའི་དྲོད་ཚད”མྱུར་དུ་ཇེ་མཐོར་འགྲོ་བཞིན་ཡོད།
དཀའ་ངལ་སྐབས་སུ་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན།
འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན། སྤྱི་བདེ། དཔུང་སྡེའི་དཔོན་དམག་དང་དེ་བཞིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་རྗེས་གཉིས་མཐུད་ངང་ས་གནས་ས་ཐོག་ཏུ་བསྐྱོད་ནས་སྐར་ཆ་ཙམ་ཡང་བློས་གཏོང་མི་བྱེད་པར་རོགས་སྐྱོབ་བྱེད་འགོ་ཚུགས། བཀོད་སྒྲིག་བྱ་ཡུལ་དུ་མི་མེད་གནམ་གྲུས་ཨར་སྐྲུན་གཞི་ཁྱོན་ལ་ཚོད་རྩིས་བརྒྱབ་པ་དང་། འདེགས་འཁོར་དང་སྔོག་འདོན་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་ཀྱིས་རམ་འདེགས་བྱས་པས་སྐར་མ་བརྒྱད་རེར་སྟབས་བདེའི་ཁང་པ་རེ་བསྐྲུན་ཐུབ་ཀྱི་ཡོད།
གཞུང་ལམ་ཐོག་མྱུར་སྐྱོད་བྱེད་མཁན་ནི་སྨན་བཅོས་རོགས་སྐྱོབ་རུ་ཁག་གི་མྱུར་སྐྱོབ་རླངས་འཁོར་དང་། དང་བླངས་པས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལྗིད་ཐེག་རླངས་འཁོར་སོགས་རེད། གཏེར་ཆུ་དང་། སྟབས་བདེའི་ཐུག་པ། དྲོད་སྲུང་ལྭ་བ། གྲང་འགོག་ལྷམ། ཉལ་ཆས། གུར། དྲོད་ལེན་ཐབ་སོགས་གེགས་སེལ་དངོས་ཟོག་སྣ་ཚོགས་རྒྱུན་ཆད་མེད་པར་དབོར་བཞིན་ཡོད་པ་རེད།
གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་ལ་བརྟེན་ནས་ལས་ཀའི་སྟོབས་ཤུགས་དང་ཐོན་ཁུངས་མགྱོགས་མྱུར་མང་ཚོགས་ཀྱི་ཉེ་འགྲམ་དུ་གཅིག་སྡུད་བྱས་ཏེ། མང་ཚོགས་ལ་དྲོ་སྐྱིད་དང་བློ་གཏད་བཅོལ་ས་ཡོད་པ་བྱེད་ཀྱི་ཡོད། མི་དམངས་དུང་ཕྱུར་མང་པོའི་་སེམས་པ་གེགས་ཁུལ་དུ་བཅངས་པ་དང་མང་ཚོགས་གྲངས་ལས་འདས་པས་རོགས་སྐྱོར་བྱེད་པར་ཡོང་། “ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི”སེམས་འགུལ་ཐེབས་པའི་རྣམ་པ་དེས་མི་རྣམས་ལ་སེམས་ཤུགས་དང་སྟོབས་ཤུགས་སྦྱིན་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར“མིག་སྔར་ཡོམ་འགོག་གེགས་སེལ་ལས་དོན་འགག་རྩའི་དུས་སུ་སླེབས་པས་ལྷོད་གཡེང་རྩ་བ་ནས་གཏོང་མི་རུང་། ལས་ཀ་དེ་བས་ཞིབ་ཚགས་བྱས་ཏེ་ཡོམ་འགོག་གེགས་སེལ་དམག་འཐབ་འདི་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས”ཞེས་ནན་བཤད་བྱས་ཡོད།
མི་སྣ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་སོགས་ཡོམ་འགོག་གེགས་སེལ་ལས་དོན་སྔར་བཞིན་རྙོག་འཛིང་ཆེ་ལ་དཀའ་ཚེགས་ཆེན་པོ་ཡོད། ཐོག་མཐའ་བར་གསུམ་དུ་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་དུ་གནས་ཤིང་། ཀུན་སེམས་གཅིག་ཏུ་བསྒྲིལ་ནས་སྟོབས་ཤུགས་ཆེན་པོ་མཉམ་དུ་འདུས་ཚེ་དཀའ་ངལ་ལས་སྒྲོལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ནས་མཛེས་སྡུག་ལྡན་པའི་འཚོ་བའི་ལེའུ་གསར་པ་གཏོད་ཐུབ་ངེས་རེད།