ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་མཐོང་སྨད་གྲོང་ཚོའི་ཐད་གཏོང་ཁང་དུ་ཀུ་ཤུའི་དྲི་ཞིམ་ཕྱོགས་བཞིར་འཐུལ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་མཐོང་སྨད་གྲོང་ཚོའི“བདེ་སྐྱིད་ཞིང་ཁྱིམ་སྤྲོ་སྐྱིད་ཁང”དུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་མི་15ལས་གྲུབ་པའི་ཐད་གཏོང་ཚོགས་པས་བརྙན་ཐུང་ལས་སྟེགས་བརྒྱུད། རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ཚོར་ཀུ་ཤུའི་སྤུས་ཚད་དང་ཁྱད་ཆོས་ངོ་སྤྲོད་བྱེད་བཞིན་མཆིས། ཐད་གཏོང་ཁང་གི་ཀུ་ཤུ་འཚོང་མཁན་ཚོས་དྲ་དམངས་དང་སེམས་རྩ་འཁོལ་པོས་མཉམ་འགུལ་བྱས་ནས་ཐད་གཏོང་ཁང་གི་རྣམ་པ་འཁྲུག་ཏུ་བཏང་བས། དྲ་གྲོགས་མང་པོ་ཞིག་གིས་ཐད་གཏོང་ལ་ལྟ་བ་དང་། གོང་ཚད་འདྲི་བ། ཉོ་སྒྲུབ་བྱེད་པ་བཅས་ཀྱི་ཡིད་དབང་བཀུག་ཡོད།
“ཚང་མས་གཟིགས་དང་། ཀུ་ཤུ་དེ་ནི་ན་ནིང་ཟླ་11པའི་ཟླ་མཇུག་ཏུ་སད་ཐེངས་གསུམ་བརྒྱབ་རྗེས་བཏུས་པ་ཞིག་ཡིན་པས་མངར་མོ་མངར་རྐྱང་རེད། ལྷག་པར་དུ་ས་གནས་དེ་གའི་ཤིང་འབྲས་འདེབས་མཁན་ཞིང་པས་འདེམས་སྒྲུབ་ཐེངས་མང་བརྒྱབ་རྗེས་གཞི་ནས་ཐད་གཏོང་བརྒྱུད་འཚོང་གི་ཡོད་པས། ཀུ་ཤུ་ཚང་མ་སྤུས་དག་རེད”
ས་གནས་ས་ཐོག་ཏུ་མཐོང་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དགེ་ལེགས་ཀྱིས་ཟོག་སྒྲོམ་ལ་བསྡུ་གསོག་རྒྱག་ཞོར་དུ“གྲོང་ཚོའི་ཏང་ཀྲི་པུས་ཐོག་མར་ཏང་ཡོན་དང་གཞོན་ནུ་རྣམས་དྲ་ཐོག་ཚོང་དོན་གཉེར་སྐྱོང་ཐད་སློབ་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་བྱས། དེ་རྗེས་ཁོང་ཚོས་གྲོང་མིར་ཐད་གཏོང་དཔེ་སྟོན་བྱས་ཤིང་། ཕྱིས་སུ་རིམ་བཞིན་འཚོལ་ཞིབ་དང་སྣེ་ཁྲིད་བྱས་ཡོད། ད་ཆ་བྱེད་ཐབས་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། དེའི་ནང་ཞུགས་མཁན་ཡང་མང་དུ་ཕྱིན་ནས་ཐོན་རྫས་བྲིན་ཁ་རྒྱུག་ཏུ་ཕྱིན་ཡོད”ཅེས་བཤད།
“ང་ཚོས‘ཏང་ཀྲི་པུའུ་དང་དྲ་ཐོག་ཚོང་དོན’ཟུང་འབྲེལ་བྱེད་དོན་ནི་གྲོང་ཚོ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་བྱེད་པ་དང་། གྲོང་ཚོའི‘ཨུ་ལྷན་གཉིས’དང་། གྲོང་སྡོད་ལས་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གྲོང་ཚོའི་ཞིང་འབྲོག་པའི་མཉམ་ལས་ཁང་གཉིས་ཀྱི་གཉེར་སྐྱོང་དང་། ཟོག་འགྲེམས། ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆར་བརྟེན་ནས་ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་ཕྱིར་ཚོང་བྱ་ཆེད་ཡིན”ཞེས་བཀྲ་ཤིས་དགེ་ལེགས་ཀྱིས་བཤད།
མཐོང་སྨད་གྲོང་ཚོའི་ཞིང་འབྲོག་ཏང་ཡོན་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཟླ་བ་ཚེ་རིང་གིས་2024ལོའི་ཟླ་12པར་ཐད་གཏོང་ཐེངས་གཅིག་བྱས་པ་བརྒྱུད། ང་ཚོས་ཀུ་ཤུ་རྒྱ་མ་3000ལྷག་ཙམ་བཙོངས་ཐུབ་སོང་ཞེས་དགའ་ཚོར་ཆེན་པོས་བཤད།
ཀུ་ཤུ་ཡག་པོ་ཡོད་མེད་འགག་རྩ་དེ་བྲིན་ཁ་རྒྱུག་མིན་ལ་ལྟ་དགོས། དེ་ལྟར་བྱུང་ཚེ་གཞི་ནས་ཞིང་སྐྱོར་འབབ་འཕར་གྱི་ཐོན་ལས་རིན་ཐང་མངོན་ཐུབ། ཚོང་ལམ་རྒྱ་སྐྱེད་གཏོང་ཆེད། མཐོང་སྨད་གྲོང་ཚོས་མིག་རྒྱང་དྲ་ཐོག་ཕྱོགས་ནས“ཏང་ཀྲི་པུའུ་དང་དྲ་ཐོག་ཚོང་དོན”ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཐད་གཏོང་ཟོག་ཚོང་བརྒྱུད་ནས་ཀུ་ཤུ་ཕྱིར་ཚོང་གི་ཐབས་ལམ་གསར་པ་ཞིག་བཤངས།
མཐོང་སྨད་གྲོང་ཚོའི“ཀོང་པོ་ཨ་དར་ཞིང་ཞོར་ཐོན་རྫས་ཐད་གཏོང་ཁང”སྤྱོད་འགོ་ཚུགས་ཚུན། མིག་སྔའི་བར་ཐད་གཏོང་ཐེངས་68བྱས་པར་ལྟ་མཁན་མི་ཐེངས་ཁྲི་102ཟིན་པ་དང་། མོས་བསྟོད་ཐེངས་ཁྲི་15ཐོབ་པ། ཚོང་འགྲིག་ཐེངས་ཁྲི་1.7དང་ཚོང་འགྲིག་དངུལ་འབོར་སྒོར་ཁྲི་374ཟིན་ཡོད། ཀུ་ཤུ་རྒྱ་མ་ཁྲི་1ལྷག་ཙམ་བཙོངས་པར་རིམ་རྩིས་བརྒྱབ་ན་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་168ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
“ཕྱིར་ཚོང་གི་ཐབས་ལམ་བཤངས་པས་མི་ཚང་མའི་འདེབས་འཛུགས་དང་གསོ་ཚགས་ཀྱི་སེམས་ཁྲལ་ཡང་སེལ་ཡོད། ད་ཆ་གྲོང་ཚོའི་ཏང་ཀྲི་པུའུ་དེ‘དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ས་ཚིགས’སུ་གྱུར་ཡོད། གྲོང་མིས་ཅི་ཞིག་འདེབས་པ་དང་ཅི་ཞིག་གསོས་ན་ང་ཚོས་དེ་འཚོང་རོགས་བྱེད་ཀྱི་ཡོད། ཚང་མས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད”ཅེས་ཟླ་བ་ཚེ་རིང་གིས་བཤད།
གོམ་སྟབས་རྗེས་མར་མཐོང་སྨད་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་དམིགས་ཏེ། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་བའི་དགེ་མཚན་དེ“ཐད་གཏོང་ཟོག་ཚོང”གི་འབབ་འཕར་གྱི་ཕན་ནུས་སུ་བསྒྱུར་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དེ་ཕྱུག་འགྱུར་གྱི་གསེར་གྱི་ལྡེ་མིག་ལྟ་བུར་འགྱུར་ངེས་རེད།