ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།
མིག་སྔར། དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད། དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱིས་ང་ཚོར་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་ནས་ང་ཚོས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འཐབ་ས་དང་པོ་བརྟན་སྲུང་དང་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས།
འགག་རྩའི་དུས་མཚམས་དང་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ངོས་འཛིན་གསལ་པོ་དེ་བས་རྒྱུན་འཁྱོངས་བྱས་ནས་དུས་བབ་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཡོམ་འགོག་གེགས་སེལ་གྱི་འགག་རྩའི་དུས་མཚམས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་འགག་རྩ་ནི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པར་ཐུག་ཡོད་པས། ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། དཀའ་ཉེན་ཇི་ཙམ་ཆེ་བའི་དུས་ནི་ཏང་ཡོན་དང་ལས་བྱེད་པའི་རང་འགན་ཐེག་པ་འཁུར་ལེན་ལ་ཞིབ་དཔྱད་བྱེད་པའི་དུས་ཡིན།
ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡོམ་འགོག་གེགས་སེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ། གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཡོམ་འགོག་གེགས་སེལ་ལ་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་པར་ངེས་པར་དུ་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་། མགྱོགས་མྱུར་བཀོད་སྒྲིག འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཕྱར་བ་གྲུ་འདེགས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས། ཀྲུང་དབྱང་པུའུ་ཨུད་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ནས། དཀའ་གནད་ལས་སྒྲོལ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བཅས་བྱས་ཏེ། ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་དཔེ་མཚོན་བཏོད་ཡོད། མིག་སྔར། ས་ཡོམ་བརྒྱབ་རྗེས་ཀྱི་རོགས་སྐྱོབ་འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་དུ་བསྒྱུར་ཡོད། ཇི་ལྟར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་ཡག་པོ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་སྣ་ཚོགས་ཐག་གཅོད་ཡག་པོ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཤུགས་རྐྱེན་ཐེབས་པར་བྱེད་དགོས། ཚན་རིག་དང་མཐུན་ལ་ནུས་ཆེའི་བཀོད་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡོམ་འགོག་གེགས་སེལ་གྱི་བཀོད་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། འགན་འཁྲི་ཞིབ་ཚགས་སུ་གཏོང་བ་དང་། ལས་བགོས་ཁ་གསལ་བཟོ་བ། ནུས་ཆེའི་འཁོར་སྐྱོད་བཅས་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་པར་ངེས་པར་དུ་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས། ཉེན་ཁ་དང་གོད་ཆག་གི་འཕྲད་དུས་རང་མདངས་མངོན་ཐུབ་པ་དང་། དོན་ཆེན་དང་དཀའ་ངལ་འཕྲད་དུས་ཐེག་པ་ཁུར་ལེན་བྱེད་ཐུབ་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་བ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་པ། རིམ་ཁག་ལས་བྱེད་པས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་ཁུར་སེམས་ལ་བརྟེན་ནས་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ། ལས་དོན་ཞིབ་ཚགས་སུ་གཏོང་བ་དང་། འགན་འཁྲི་ནན་དུ་གཏོང་བ། ལས་འགན་དོན་འཁྱོལ་བཅས་བྱེད་དགོས། རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི“སྙིང་ཉེ་བ”དང“བློ་གཏད་བཅོལ་ས”ཡག་པོ་ཞིག་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ལྷག་བསམ་རྣམ་དག་དང་བརྩེ་སེམས་ཟབ་མོས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ། དཀའ་ངལ་གང་དུ་ཡོད་པ་དང་མང་ཚོགས་ཀྱི་དགོས་མཁོ་གང་དུ་ཡོད་ཚེ། དེ་གར་ཐོན་པ་དང་དེ་གར་འཐབ་འཛིང་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་རང་སྐྱོབ་དང་ཕན་ཚུན་རོགས་རམ་བྱེད་པར་ཁྲིད་སྟོན་དང་སྐུལ་སློང་བྱས་ཏེ། མང་ཚོགས་ལ་བརྟེན་ནས་འཐབ་འཛིང་དྲག་པོ་དེར་རྒྱལ་ཁ་བླངས་ཏེ་ཡོམ་འགོག་གེགས་སེལ་འཐབ་རྩོད་ཀྱི་འཐབ་ས་དང་པོར་ཏང་དར་མཐོན་པོར་གཡོ་བ་བྱེད་དགོས།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་པར་ངེས་པར་དུ་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། སྤྱོད་ཚུལ་བཟང་པོ་ནི་ལས་ཀ་ཡོད་ཚད་ལེགས་པར་སྒྲུབ་པའི་འགན་སྲུང་གལ་ཆེན་ཞིག་རེད། ས་ཡོམ་བརྒྱབ་རྗེས། ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་དང་། མཐོ་གྲང་དང་གསོ་རླུང་དཀོན་པའི་དཀའ་ངལ་ཁྱད་བསད་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཉེན་སེལ་རོགས་སྐྱོབ་ཀྱི་དམིགས་བསལ་གྱི་དམག་འཐབ་རྒྱག་པ་དང་ཡོམ་འགོག་གེགས་སེལ་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད། འགྲུལ་གནས་སྒོ་མཐོང་དུས་ལམ་ཕྱེད་ཙམ་ཟེར་བའི་དཔེ་ལྟར། ང་ཚོས་ངལ་དུབ་ལ་མི་འཛེམས་པར་བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱི་བསམ་བློའི་ཁྱེར་སོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ། ཡོམ་འགོག་གེགས་སེལ་གྱི་དུས་མཚམས་རང་བཞིན་གྱི་ལས་ཀའི་གཙོ་གནད་ལ་དམ་འཛིན་ཡག་པོ་བྱེད་པ། འཕྲལ་སྡོམ་བཀོད་སྒྲིག་དང་། དུས་དཀྱིལ་བར་བརྒལ། སླར་གསོ་བསྐྱར་སྐྲུན་བཅས་སྦྲེལ་མཐུད་ནུས་ལྡན་བྱེད་པ། ལས་ཀའི་བརྒྱུད་རིམ་སྟབས་བདེ་རུ་དང་ལས་ཀའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། སྒྲིག་ཁྲིམས་དམ་ནན་དུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་དུ་བཏང་སྟེ། ཡོམ་འགོག་གེགས་སེལ་བྱེད་རིང་འགན་འཁྲི་མི་ཁུར་བ་དང་དགོས་པའི་ལས་མི་བྱེད་པའི་ལས་བྱེད་པ་ཐག་གཅོད་ནན་པོ་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཐེག་པ་ཁུར་ལེན་ཕོད་པའི་ལས་བྱེད་པས་ཐེག་པ་ཁུར་ལེན་བྱེད་པ་དང་འགན་ཁུར་ཕོད་པའི་ལས་བྱེད་པས་འགན་ཁུར་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།