དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདས་པོ་བདེ་བར་གཤེགས། གསོན་མཁན་འབད་པས་བརྩོན།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    འདི་ནི་ཟླ་1ཚེས་13ཉིན་དིང་རི་རྫོང་གྲམ་མཚོ་ཤང་དུ་དིང་རིའི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བཞིན་པ།

    ཟླ་1ཚེས་13ཉིན་ནམ་ལངས་མ་ཐག གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་སྨོན་ཏོག་གྲོང་ཚོའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་ཡོད་པའི་མང་ཚོགས་སྐྱིད་པ་སྔ་པོ་ནས་མལ་ལས་ལངས།

    ཁོང་གིས། མདང་དགོང་གྲོང་ཚོའི་ལས་བྱེད་པས་དེ་རིང་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞེས་བཤད་པ་ཐོས་རྗེས་སེམས་པ་ཡུན་རིང་ལྷོད་ལ་འབབ་ཐུབ་མ་བྱུང་ཞེས་གསར་འགོད་པར་བཤད།

    མྱ་ངན་ཞུ་བའི་བྱེད་སྒོ་འགོ་ཚུགས་པར་ད་དུང་སྐར་མ་བཅུ་ལྷག་ཙམ་ཡོད་པའི་མཚམས་སུ་ཕྱི་རོལ་དུ་ལྷགས་པ་བརྒྱབ་པས་གྲང་ངར་ཆེ། སྐྱིད་པ་གུར་ནས་དོན་སྐབས་ཕྱིར་རང་འགུལ་ངང་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པའི་མང་ཚོགས་མི་ཉུང་བ་ཞིག་འཛོམས་ཟིན།

    ཆུ་ཚོད་9དང་སྐར་མ་32ཙམ་ལ། སྨོན་ཏོག་གྲོང་ཚོའི་མཁའ་དབྱིངས་སུ་མཁའ་ཟོན་ཉེན་བརྡ་བསྒྲགས་ནས་མྱ་ངན་ཞུས། སྒམ་བརླིང་ལྡན་པའི་རྣམ་པའི་ཁྲོད་ཏང་ཡོན་ལས་བྱེད་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས། རོགས་སྐྱོབ་ནང་ཞུགས་མཁན་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མེ་ཟོན་རོགས་སྐྱོབ་མི་སྣ་སོགས་ཀྱི་འཐུས་མིས་གྲལ་སྟར་བསྒྲིགས་ནས་སྒམ་ནན་ངང་ལངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས། ཡུལ་དངོས་སུ་མི་མང་པོ་ཞིག་གི་མིག་ལ་མཆི་ཞག་འཁོར།

    “ད་ཐེངས་ཀྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་ཚོ་བསམ་བློ་འཁོར་སྐབས་ང་རང་སེམས་པ་ཤིན་ཏུ་སྐྱོ་གི་འདུག”ཅེས་སྐྱིད་པས་མིག་ལ་མཆི་ཞག་འཁོར་བཞིན་བཤད་པ་དང་། ཁོང་གིས། ས་ཡོམ་བརྒྱབ་རྗེས་ཏང་ཡོན་ལས་བྱེད་པ་དང་། མི་དམངས་ཉེན་རྟོག་པ། བཅིངས་འགྲོལ་དམག་གི་འཐབ་འཛིང་པ། མེ་ཟོན་རོགས་སྐྱོབ་མི་སྣ་བཅས་འཕྲལ་དུ་རོགས་སྐྱོབ་བྱེད་པར་ཡོང་བ་དང་དངོས་ཟོག་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཞིང་། གྲོང་ཚོའི་ཡུལ་མི་ཚོ་ས་ཡོམ་བརྒྱབ་རྗེས་ཀྱི་དགོང་མོ་དེ་རང་དུ་གུར་ནང་སྡོད་རྒྱུ་བྱུང་བ་དང་ཕྱོགས་ཁག་གི་འགན་ལེན་ཡང་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད།

    གསར་འགོད་པས“གུར་ནང་དྲོ་པོ་འདུག་གམ། རང་ཉིད་ཀྱིས་ཁ་ལག་བཟོ་གི་ཡོད་དམ”ཞེས་དྲིས།

    “ཚེས་8ཉིན་ང་ཚོས་ཐབ་བཏང་བ་དང་ཚེས་9ཉིན་ནས་རང་ཉིད་ཀྱིས་ཁ་ལག་བཟོ་གི་ཡོད། གྲོང་ཚོས་དུད་ཚང་མི་རེ་ངོ་རེར་པད་ཚལ་དང་། ཞོག་ཁོག སོ་ལོ་སྔོན་པོ། ད་དུང་ཚགས་ཤ་དང་ལུག་ཤ་ལ་སོགས་སྐྱེལ་གྱི་འདུག ད་ལྟ་ང་ཚོ་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོད་པས་བློ་ཡིད་ཚིམ་སོང”ཞེས་བཤད།

    བཅར་འདྲི་མཇུག་མ་འགྲིལ་གོང་། སྐྱིད་པས“ཉིན་དེ་དག་ནང་གསར་འགྱུར་དང་བརྙན་ཐུང་བརྒྱུད་གྲོང་ཚོ་མི་ཉུང་བ་ཞིག་གི་གནོད་འཚེ་ཕོག་པའི་མང་ཚོགས་སྟབས་བདེའི་ཁང་པར་སྤོས་པ་མཐོང་བྱུང་། ང་ཚོ་ཡང་གང་མགྱོགས་ཁོ་ཚོ་དང་འདྲ་བར་ཁང་པའི་ནང་དུ་སྤོ་ཐུབ་པའི་ཡིད་ཆེས་ཡོད། ང་ཚོས་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་བསྒྲུབས་ནས་གྲོང་ཚོའི་ཡུལ་མི་ཚོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་བྱེད་འདོད་ཡོད”ཅེས་གསར་འགོད་པར་བཤད།

    ཉིན་དེའི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲམ་མཚོ་ཤང་དུ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་རེད།

    རོགས་སྐྱོབ་ནང་ཞུགས་པའི་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག མེ་ཟོན་རོགས་སྐྱོབ་མི་སྣ། སྤྱི་བདེ་མི་དམངས་ཉེན་རྟོག་པ། སྨན་དོན་མི་སྣ། གཞོན་ནུ་དང་བླངས་པ་དང་འབྲེལ་ཡོད་ཁེ་ལས་ཀྱི་ལས་མི་དང་། ལས་བྱེད་ལས་བཟོ། ཡོམ་ཁུལ་གྱི་མང་ཚོགས་ཀྱི་འཐུས་མི་བཅས་མི་བརྒྱ་གྲངས་ཀྱིས་ཞྭ་མོ་ཕུད་པ་དང་སྒམ་ནན་ངང་ལངས་ཏེ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུས་པ་རེད།

    དིང་རི་རྫོང་སྤྱི་བདེ་ཅུས་བདེ་སྲུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་བྱམས་པ་ཕུན་ཚོགས་ཀྱིས་ཉིན་ཤས་བསྟུད་མར་འཐབ་ས་དང་པོ་བརྟན་སྲུང་བྱས་པ་དང་། ད་ཐེངས་ཀྱི་གྲམ་མཚོ་ཤང་དུ་མྱ་ངན་ཞུ་བའི་བྱེད་སྒོར་ཁོང་དང་ལས་རོགས་གཉིས་ཀྱིས་རྒྱལ་དར་སྒྲེང་མཁན་གྱི་འགན་ཁུར་ཡོད། ཁོང་གིས“ཚང་མ་བདེ་ཐང་ཡོང་བ་དང་འཚོ་བར་སླར་ཡང་ཡིད་ཆེས་ཀྱིས་ཁེངས་པའི་རེ་བ་ཡོད”ཅེས་བཤད།

    གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་མིག་ཆུ་དབང་མེད་དུ་ཤོར། ད་ཐེངས་ཀྱི་ས་ཡོམ་ཁྲོད་ཁོང་གི་ཨ་མ་ཡང་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་ཡོད། ཚེ་རིང་ཕུན་ཚོགས་ཀྱིས་སྐྱོ་གདུང་བཟོད་བསྲན་བྱས་ཏེ་འཕྲལ་མར་མི་སྣ་འཚོལ་སྐྱོབ་དང་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབས་པར་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་སེམས་ཀྱི་རྟེན་སར་གྱུར་ཡོད།

    ས་ཡོམ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བས་ཁེངས། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད།

    ས་ཡོམ་བརྒྱབ་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཇོ་མོ་གླང་མའི་གཤམ་དུ་གནས་པའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མྱུར་དུ་དང་ལེན་ཞུས་ཏེ་འཕྲལ་མར་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཡོམ་འགོག་གེགས་སེལ་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྨས་མ་337ལ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་དང་། མང་ཚོགས་407བདེ་བླག་ངང་སྐྱོབ་ཐུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་4.75ལྷག་ཙམ་བཀོད་སྒྲིག་ཡག་པོ་ཐུབ་ཡོད།

    གྲམ་མཚོ་ཤང་རྩྭ་གྲོང་ཚོར་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཏེ་གྲོང་ཚོ་ཡོངས་ནས་མི་6རྐྱེན་ལམ་དུ་ཤོར་བ་དང་ཁང་པ་98ལུག་ཡོད། རྩྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས“ཏང་དང་སྲིད་གཞུང་གི་རོགས་རམ་འོག་ཐམས་ཅད་ཡག་ཏུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།

    ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་མ་འོངས་གསར་དུ་གཏོད་པ་དང་ནུས་ཤུགས་ཡོད་རྒུས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།