“དོན་དག་གཅིག་ཐོན་ན་དེ་ལམ་སེང་སྒྲུབ་ཀྱི་ཡོད”
ལྷ་རྩེ་རྫོང་མང་ཕུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅིང་གི་ཆུ་ཚོད་ཕྱེད་ཀའི་རིང་གི་ཁ་པར།
མང་ཕུ་ཤང་ནི་དིང་རི་རྫོང་གི་ས་ཡོམ་བརྒྱབ་ཁུལ་དང་ཐག་ཉེ་ཤོས་ཀྱི་ལྷ་རྩེ་རྫོང་གི་ཤང་ཞིག་ཡིན་ལ། གུ་དོག་ཅིང་རིང་བའི་ལུང་ཤུར་ཞིག་ཏུ་གནས་ཡོད། ཤང་དེའི་ཁོངས་གཏོགས་སུ་གྲོང་ཚོ་7ཡོད་པ་དེ་དག་གཞུང་ལམ་གྱི་གཞོགས་གཉིས་སུ་ཁ་ཐོར་དུ་ཆགས་ཡོད།
ཟླ་1ཚེས་10ཉིན་གྱི་ཞོགས་པར། གསར་འགོད་པ་མང་ཕུ་ཤང་ལྟེ་བའི་སློབ་ཆུང་གི་སྒོ་རྩར་སླེབས། མང་ཕུ་ཤང་གིས་དེ་གར་ཆུ་དགུ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་བཙུགས་ཡོད་པ་སྔོན་ནས་ཤེས་པས། རླངས་འཁོར་ནས་བབས་ཏེ་སྒོ་རྩར་བསྡད་པའི་མང་ཚོགས་ཀྱི་ས་ནས་ས་ཡོམ་གྱི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཚང་མས་ཁ་པར་རྒྱག་བཞིན་པའི་བུད་མེད་བློ་མཐུན་ཞིག་བསྟན་ནས“ཁྱོད་ཀྱིས་ཧྲུའུ་ཅིར་དྲིས་དང་། ཁོང་ནི་ཤང་གི་ཧྲུའུ་ཅི་རེད། མིང་ལ་ལི་ཅིང་ཟེར”ཞེས་བཤད།
གསར་འགོད་པས་སྐད་ཆ་འདྲི་རྩིས་བྱེད་སྐབས། ཁོང་ལ་སླར་ཡང་ཁ་པར་ཞིག་སླེབས། ཁོང་གིས་སྐད་ཆ་མ་བཤད་གོང་གསར་འགོད་པས“ཧྲུའུ་ཅི། ཁྱེད་ཀྱིས་ཁ་པར་བརྒྱབ་ཚར་རྗེས། ངས་གནས་ཚུལ་འགའ་དྲིས་ན་འགྲིག་གམ”ཞེས་བཤད་པར། “འགྲིག་གི་རེད། འགྲིག་གི་རེད”ཅེས་ལི་ཅིང་གིས་བཤད། གསར་འགོད་པ་ཆུ་ཚོད་ཕྱེད་ཀའི་རིང་རྗེས་སུ་འབྲངས་ནས་ཁོང་གིས་ཁ་པར་ཕར་རྒྱག་ཚུར་ལེན་བྱས་ཏེ་གོང་འོག་སྦྲེལ་མཐུད་དང་མཐུན་སྦྱོར་བཀོད་སྒྲིག་བྱས་པར་བལྟས། ཆུ་ཚོད་12དང་སྐར་མ་38ནས་བཟུང་གསར་འགོད་པས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དེས་ཁ་པར་ཐེངས་20ཙམ་བརྒྱབ་པ་ཟིན་ཐོར་བཀོད།
དེ་རྗེས་ཁ་པར་ཐེངས་7བརྒྱབ་པ་ནི་ཁོང་གིས་གྲོང་ཚོ་ཁག་གི་སྟབས་བདེའི་ཁང་པ་རྒྱག་ས་བཀོད་སྒྲིག་བྱ་ཆེད་རེད།
མང་ཕུ་ཤང་ནི་ལུང་ཤུར་དུ་གནས་པས་གུ་དོག་ལ་ཕུ་ཐག་རིང་། གྲོང་ཚོ་ཁག་གི་སྟབས་བདེའི་ཁང་པ་རྒྱག་ས་གང་མགྱོགས་བཀོད་སྒྲིག་བྱ་ཆེད། ཁོང་གིས་ཤང་དེའི་འཕྲུལ་ཆས་སྒྲིག་ཆས་དག་བཀོད་སྒྲིག་བྱས་ནས་གཅིག་སྡུད་ཐོག་སྟབས་བདེའི་ཁང་པ་རྒྱག་རྩིས་ཡོད་པ་རེད།
ཁོང་གིས་གསར་འགོད་པར“ང་ཚོས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པ་དང་དྲོ་སྐྱིད་ལྡན་པའི་ངང་ལོ་གསར་ཡག་པོ་གཏོང་ཐུབ་པར་བྱེད་ཀྱི་ཡིན། ཚང་མ་གཅིག་སྡུད་ཐོག་བསྡད་ན་རྗེས་མཐུད་ཀྱི་དོ་དམ་དང་། གློག་ཁྲིད་པ། དངོས་ཟོག་མཁོ་སྤྲོད་སོགས་བྱེད་པར་ཡང་སྟབས་བདེ་པོ་ཡོང་སྲིད”ཅེས་བཤད།
ལྷ་རྩེ་རྫོང་ཨན་ཁང་སྨན་ཁང་ཕྱོགས་ཀྱིས་ཁ་པར་བཏང་ནས་སྨན་པ་དང་བླངས་པ་ཤང་དུ་ཡོང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱ་རྒྱུ་ཡིན་པས་ཞག་སྡོད་གནད་དོན་ཐག་གཅོད་བྱེད་རོགས་ཞེས་བཤད་པ་རེད།
ལི་ཅིང་གིས་ཁོང་ཚོའི་དགོས་མཁོ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་འཕྲལ་ཏུ་ཞག་སྡོད་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་གྲོང་མིའི་རྒྱུན་མཐོང་གི་ནད་གཞི་ངོ་སྤྲོད་ཀྱང་བྱས་པ་རེད།
ཁོང་གིས་གསར་འགོད་པར“ཤང་གི་སྨན་པ་ཚོས་ཐོག་མཐའ་བར་གསུམ་དུ་སྐོར་ཞིབ་སྨན་བཅོས་བྱེད་བཞིན་ཡོད། མིག་སྔར་ནད་ཡམས་ཅི་ཡང་ཐོན་མ་སོང་། ཡིན་ན་ཡང་ཉེ་ཆར་གནམ་གཤིས་ཧ་ཅང་གྲང་བས་མང་ཚོགས་ལ་ཆམ་པ་རྒྱག་སླ་པོ་འདུག
(པར་ངོས་གསུམ་པར་གཟིགས)(པར་ངོས་གཉིས་པར་མཐུད) རྒན་རྒོན་ཁ་ཤས་ལ་གཞི་ནད་ཡོད་པས་ཡུན་རིང་སྨན་ཟ་དགོས་ཀྱི་ཡོད། སྨན་པ་དང་བླངས་པ་ཡོང་བར་ང་ཚོས་དགའ་བསུ་ཞུ་གི་ཡིན”ཞེས་བཤད།
མང་ཕུ་ཤང་ཆུ་དགུ་གྲོང་ཚོ་ཕྱོགས་གསུམ་རི་བོས་བསྐོར་ཞིང་། རང་བྱུང་གནོད་འཚེ་ཅུང་ཚབས་ཆེན་པོ་ཕོག་སྟབས། གྲོང་ཚོ་དེ་ལྷ་རྩེ་རྫོང་གི་མི་སྣ་གནས་སྤོ་བྱེད་མཁན་གྲོང་ཚོ་ཐོག་མར་གྱུར། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་མང་ཕུ་ཤང་ལྟེ་བའི་སློབ་ཆུང་དུ་བཀོད་སྒྲིག་བྱས་ཡོད།
ཆུ་དགུ་གྲོང་ཚོར་མོན་ཆུང་ཞེས་པའི་རང་བྱུང་གྲོང་ཚོ་ཞིག་ཡོད་ཅིང་། དེ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་ཉིན་འདི་དག་རིང་ཕུ་ཆུ་རྒྱས་ནས་འགྲོ་ལམ་ཆད་ཡོད། རི་འགོར་ནོར་འཚོ་བཞིན་པའི་མི་གཉིས་ད་དུང་བཀོད་སྒྲིག་ས་ཚིགས་སུ་འབྱོར་མེད་པས། ཆུ་དགུ་གྲོང་ཚོའི་མང་ཚོགས་ཀྱིས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཙལ་བ་རེད།
ཆུ་དགུ་གྲོང་ཚོའི་གཞོན་ནུ་གཉིས་ཀྱིས“ང་ཚོས་དངོས་ཟོག་ཁུར་ནས་རི་འགོར་བསྐྱལ་ཆོག ད་ལྟ་མཁོ་ཆེ་ཤོས་གུར་རེད་འདུག”ཅེས་བཤད།
ཁོང་གིས་ཤང་ལ་ཁ་པར་བརྒྱབ་ནས་རི་འགོར་ལུས་པའི་མི་གཉིས་ལ་སྲིང་བལ་གྱི་ལྭ་རིང་མང་ཙམ་གྲ་སྒྲིག་བྱོས་ཞེས་བཀོད་སྒྲིག་བྱས་རྗེས། གཞོན་ནུ་དེ་གཉིས་ལ“འབྲས་དང་། གྲོ་ཞིབ། སྣུམ། རྩམ་པ་བཅས་མང་ཙམ་འཁྱེར་རྒྱུ་མ་བརྗེད། སྟབས་བདེའི་ཐུག་པ་མ་ཁྱེར”ཞེས་མངགས་བཅོལ་ནན་པོ་བྱས་ཡོད།
ཆུ་ཚོད་ཕྱེད་ཀ་དེ་མུར་འདས་ཀྱང་། ཤང་ཏང་ཨུད་ཀྱི་ཧྲུའུ་ཅིར་ཁ་པར་སྔར་བཞིན་ཡང་ཡང་འབྱོར། ཁོང་གིས་བཤད་པའི་སྐད་ཆ་ཚིག་རེ་རེར་ཡང་ཤུགས་ཀྱིས་ཁེངས་ཤིང་། ཁོང་འཚོལ་མཁན་ཡང་རྒྱུན་ཆད་རྒྱུ་མེད།
གསར་འགོད་པས་ཉིན་འདི་དག་རིང་གི་ལས་བྲེལ་སྐོར་འདྲི་སྐབས། ཁོང་གིས“དོན་དག་གཅིག་ཐོན་ན་དེ་ལམ་སེང་སྒྲུབ་ཀྱི་ཡོད”ཅེས་བཤད།