དབུས་རྒྱུད་མགྱོགས་མྱུར་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་པ།
འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གཙོ་གནད་བྱ་ཐབས་ཁག་16བཏོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དབུས་རྒྱུད་ས་ཁུལ་གྱིས་ཤར་འཛིན་ནུབ་སྤེལ་དང་ལྷོ་བྱང་སྦྲེལ་མཐུད་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ནང་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཚེས་12ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་འགྲན་རྩོད་ནུས་པ་དེ་བས་ཆེ་བའི་སྐམ་སའི་སྒོ་དབྱེའི་མཐོ་ས་གཅིག་སྡུད་ཐོག་གཏོད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་བས་ལེགས་པར་མཉམ་འདྲེས་དང་འདེགས་སྐྱོར་བྱེད་པ་སོགས་ཕྱོགས་ལྔ་ལ་དམིགས་ནས་གཙོ་གནད་བྱ་ཐབས་ཁག་16ཁྱབ་བསྒྲགས་བྱས་ནས་བཏོན་ཏེ་དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་པ་རེད།
ཞིབ་ཕྲ་ནས་བལྟས་ན། བྱ་ཐབས་གཙོ་བོའི་ནང་། ལྕགས་ལམ་མྱུར་གཏོང་དང་། རྒྱལ་སྒྲོལ་དུས་གཏན་མེ་འཁོར་སྡེབ་འབྲེལ། བསྡུ་འགྲེམས་ལྟ་འདོམས་རྣམ་པ་བཅས་ལེགས་སུ་གཏོང་བ་དང་། ཨེ་ཀྲོའུ་ཧྭ་ཧུའུ་གནམ་ཐང་གིས་རྒྱལ་སྤྱིའི་དུས་བཀག་ཟོག་འདྲེན་དུས་གཏན་གནམ་གྲུ་གཏོང་བར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ། ཧོ་ཧྥེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་རྒྱལ་ཁབ་འདུ་འཛོམས་ལྟེ་གནས་ཀྱི་འཆར་འགོད་རིམ་པ་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ཀྲེང་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་གནས་ཡུལ་གསར་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་བཅས་དང་། དབུས་རྒྱུད་ས་ཁུལ་གྱིས“རྒྱལ་སྒྲོལ་དྲ་ཐོག་ཚོང་དོན+ཐོན་ལས་རྒྱུད”ཀྱི་རྣམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ། ཁྲང་ཧྲ་ཧོང་ཧྭ་རྒྱལ་སྤྱིའི་གནམ་ཐང་དང་ཁེན་ནི་ཡའི་ནེ་རོ་པིའི་ཁེན་ཡ་ཐ་རྒྱལ་སྤྱིའི་གནམ་ཐང་དབར་འཕྲོད་བསྟེན་མཉམ་ལས་ཀྱི་གྲོས་མཐུན་འཇོག་པར་རྒྱབ་སྐྱོར་བྱས་ནས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཀྱི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད།