ཚོང་དོན་པུས་2025ལོའི་འཛད་སྤྱོད་སྐུལ་སྤེལ་སོགས་གཙོ་གནད་ལས་དོན་ཁག་བརྒྱད་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚོང་དོན་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོ་འབྲེལ་ཡོད་ལ། དེས་རྒྱལ་སྤྱི་རྒྱལ་ནང་དང་འབྲེལ་གཏུག་བྱེད་ཀྱི་ཡོད། 2025ལོར་རྒྱལ་ཡོངས་ཀྱི་ཚོང་དོན་ལས་དོན་ཇི་ལྟར་སྒྲུབ་དགོས་སམ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། རྒྱལ་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་རྒྱུ་རེད།
འདི་ནི་གསར་འགོད་པས་ཟླ་1ཚེས་11དང་12ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཚོང་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
ཞིབ་ཕྲ་ནས་བལྟས་ཚེ། གཅིག་ནས་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ་འཛད་རྫས་རྙིང་པ་གསར་བརྗེས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྣ་མང་ཅན་གྱི་འཛད་སྤྱོད་བྱེད་སྟངས་གསར་གཏོད་དང་། ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བ། གྲངས་འཛིན་འཛད་སྤྱོད་འཕེལ་རྒྱས་གཏོང་བ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ་དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
གཉིས་ནས་ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བར་བྱས་ཏེ་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ཤུགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་ནས། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་རྒྱ་སྐྱེད་གཏོང་བ་དང་། འབྱུང་འཕྲོད་ཚོང་དོན་འཕེལ་རྒྱས་བཏང་སྟེ་ཚོང་དོན་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་དགོས། ཐབས་མང་མཉམ་སྤྱོད་བྱས་ཏེ་ཁེ་ལས་ཀྱིས་སྣ་མང་ཅན་གྱི་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། ཞབས་ཞུའི་ཚོང་དོན་གསར་གཏོད་དང་མཐོར་འདེགས་བྱས་ནས་གྲངས་འཛིན་ཚོང་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས།
གསུམ་ནས་ཕྱི་རྒྱལ་གྱི་མ་དངུལ་བཀུག་སྟེ་གསོག་འབོར་བརྟན་པོ་དང་འཕར་འབོར་མང་དུ་གཏོང་བར་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས་ཤིང་། རང་བརྟེན་སྒོ་དབྱེ་དང་ཕྱོགས་རྐྱང་པའི་སྒོ་དབྱེ་གོ་རིམ་ལྡན་པའི་ངང་རྒྱ་ཆེར་བཏང་ནས“ཀྲུང་གོར་མ་འཇོག”གི་སྤུས་རྟགས་མུ་མཐུད་གཏོད་པ་དང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་མ་དངུལ་ནང་འདྲེན་སྒྲིག་གཞིའི་ཕན་འབྲས་ཐོན་པར་བྱས་ཏེ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
བཞི་ནས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་སྒོ་དབྱེའི་ལས་སྟེགས་ཆུ་ཚད་མཐོ་པོས་བསྐྲུན་དགོས་ཤིང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། སྒྱུར་བཅོས་ལས་འགན་གྱི་དབང་ཆ་སྤྲོད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། སྒོ་དབྱེའི་ལས་སྟེགས་ཀྱི་ནུས་པ་ལེགས་སུ་བཏང་ནས་འགྲེམས་ཚོགས་ཀྱི་སྤུས་ཚད་ཡག་ཏུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
ལྔ་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཕྱི་ཕྱོགས་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་ཡག་ཏུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། ཕྱི་ཕྱོགས་མ་འཇོག་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
དྲུག་ནས་དངོས་སྒྲུབ་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྤྱི་འདོམས་བྱེད་དགོས།
བདུན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་ས་ཁོངས་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཞུགས་པ་དང་། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས།
བརྒྱད་ནས་ཉེན་ཁ་གལ་ཆེན་སྔོན་འགོག་དང་བསལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས། ཚོང་དོན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་ཆབས་ཅིག ལོ་གསར་རྙིང་འཕོ་བའི་མཚམས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་བརྗོད།