དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནེའུ་ཙི་ལན་དང་ཀྲུང་གོའི་ཁེ་ལས་ལ་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ཡོང་ངེས་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེན་ཤའོ་ཝེ།   |     སྤེལ་དུས།  2025-01-14

    ནེའུ་ཙི་ལན་དང་ཀྲུང་གོའི་ཚོང་དོན་མཉམ་ལས་ཁྱབ་ཁོངས་རྒྱ་ཆེ་ལ་རིམ་པ་མང་ཞིང་རྣམ་པ་ཕུན་སུམ་ཚོགས་པས། ཁྱབ་ཁོངས་མང་པོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་སྔར་བས་མང་བ་ནེའུ་ཙི་ལན་ལ་མ་འཇོག་ལས་གཏོད་བྱེད་པར་འོང་ནས་ནེའུ་ཙི་ལན་གྱི་ཁེ་ལས་དབར་ལེགས་ཆ་གསབ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན་པ་དེས་མཉམ་དུ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་ནས་གཉིས་ཁེ་གཉིས་ཕན་བྱུང་ཡོད།

    ཧེར་རྒྱ་མཚོ་ཆེན་པོ་གླིང་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་ལིའུ་དབྱང་གིས། མིག་སྔར་ནེའུ་ཙི་ལན་གྱི་ཁྲོམ་རར་ཧེར་དང་ཧྥེ་ཞུའེ་ཕེ་ཁེ་ཀུང་སིའི་ཁྱིམ་སྤྱོད་གློག་ཆས་ཀྱིས་ཁྲོམ་ར་བཟུང་ཚད་42%ཟིན་གྱི་ཡོད། ཀུང་སི་བསྡུ་ཉོ་བྱས་རྗེས། ཧྥེ་ཞུའེ་ཕེ་ཁེ་ཀུང་སི་རྒྱལ་སྤྱི་ཅན་དུ་སྔར་བས་གྱུར་བ་མ་ཟད། དེའི་གོ་ལ་ཧྲིལ་པོའི་ལས་སྒོའི་གཞི་ཁྱོན་ཡང་ལྡབ་འཕར་བྱུང་ནས་ལས་མི་4000ལྷག་ཙམ་ཟིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་། ནེའུ་ཙི་ལན་ཧོའེ་ཁཱ་ཐོ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཨའེ་ཏེ་ཧྭ·ཝེ་མུའུ་སི་ཡིས། ཧེར་དང་ཧྥེ་ཞུའེ་ཕེ་ཁེ་ཀུང་སི་སྟོབས་ལྡན་གཉིས་མཉམ་ལས་དང་ལས་སྒོ་ཟླ་སྒྲིལ་བཏང་བ་དེས་ཁེ་ལས་དོ་དམ་གཉེར་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ཅེས་བཤད། ཁྲོམ་རའི་ཐོན་རྫས་ཅིང་ལི་མར་ཁེ·ཐེ་ནཱ་ཡིས་ཧྥེ་ཞུའེ་ཕེ་ཁེ་ཀུང་སི་ནི་ནེའུ་ཙི་ལན་གྱི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་གལ་ཆེན་ཞིག་ཡིན་པ་དང་། “ཧེར་དང་ཧྥེ་ཞུའེ་ཕེ་ཁེ་ཀུང་སིར་ལས་ཀ་བྱེད་རིང་ངའི་ལས་ཀ་བྱེད་སེམས་ཆེ་རུ་ཕྱིན་སོང་། ནེའུ་ཙི་ལན་དང་ཀྲུང་གོའི་ཁེ་ལས་ལ་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ཡོང་ངེས་རེད”ཅེས་བཤད།

    2016ལོར་ཀྲུང་གོ་འབྲོག་ལས་ཐོན་ཟོག་ལས་སྣོན་ཕྱིར་ཚོང་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“ཀྲུང་གོ་འབྲོག་ལས་ཚོགས་པ”ཞེས་བསྡུ་རྒྱུ)ཡིས་མ་དངུལ་དང་མ་རྐང་རྒྱ་སྐྱེད་པའི་ཐོག་ནས་ནེའུ་ཙི་ལན་ཧན་སྨིར་ཏུན་གྲོང་ཁྱེར་པའོ་ཏུའོ་ཁོ་དཀར་ཆུ་ཚད་ཡོད་ཀུང་སིར(གཤམ་དུ“པའོ་ཏུའོ་ཁོ”ཞེས་བསྡུ་རྒྱུ)མ་དངུལ་བཏང་ཞིང་། ལོ་8རིང་། པའོ་ཏུའོ་ཁོ་ཀུང་སིས་ཕྲུ་གུ་དམར་འབྱར་གྱི་སྦྱོར་རྟའི་འོ་རྩམ་གྱི་ཐོན་སྐྱེད་ལ་དམིགས་ནས་ནེའུ་ཙི་ལན་གྱི་འོ་རྩམ་གྲགས་ཅན་སྤུས་རྟགས་ཤིག་ཏུ་འཕེལ་རྒྱས་བཏང་ཡོད།

    2024ལོའི་ཟླ་བདུན་པའི་བར། པའོ་ཏུའོ་ཁོ་ཀུང་སིར་སྤུས་རྟགས་ཐོན་སྐྱེད་ཐོབ་ཐང་3བདེ་བླག་ངང་རག་ཅིང་། པའོ་ཏུའོ་ཁོ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའུ་ཧྥུའུ་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། པའོ་ཏུའོ་ཁོ་ཀུང་སིས་2024ལོར་འོ་རྩམ་སྣ་ཚོགས་ལྕགས་ཀྲིན་ཁྲི་100ཙམ་ཐོན་སྐྱེད་བྱས་པ་དང་། 2029ལོར་སླེབས་སྐབས་ལོའི་ཐོན་སྐྱེད་བྱེད་ནུས་ལྕགས་ཀྲིན་ཁྲི་500བར་མང་དུ་གཏོང་བའི་བརྩོན་ལེན་བྱས་ཏེ་འོ་རྩམ་ཚང་མ་ཀྲུང་གོའི་ཁྲོམ་རར་བཙོང་རྒྱུ་ཡིན་པ་རེད།

    “ས་གནས་དེར་ཆུ་སྐྱོན་ཡང་སེ་ཐོན་ནས་གློག་ཆད་ཀྱི་ཡོད། ཚོགས་ཁང་ལ་གཞི་རྩའི་གློག་དང་དྲོད་གཏོང་ཐབས་བྲལ་བའི་སྐབས། གསོག་ནུས་མ་ལག་འཕྲལ་མར་སྤྱོད་ཀྱི་ཡོད”ཅེས་ནེའུ་ཙི་ལན་ཐུའུ་མེ་ལ་ནུས་རྒྱུ་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་དང་ཨོ་ཏི་ལཱ་མའོ་ལི་ཚོགས་ཁང་གི་འོད་ཤུགས་གསོག་ནུས་རྣམ་གྲངས་ཀྱི་འགན་འཁུར་བ་མ་ཏི་ཨུའུ·ཐའོ་ལ་ཨུའུ་ཡིས་གསར་འགོད་པར་བཤད་པ་དང་། ཁོང་གིས་ཀྲུང་གོའི་ཁེ་ལས་ཀྱི་གློག་རྫས་གསོག་ནུས་མ་ལག་དེས་གྲོང་མིའི་འཚོ་བར་རོགས་རམ་གང་ལེགས་ཐུབ་བྱུང་ཞེས་བཤད། ཀྲུང་གོ་ཨར་སྐྲུན་རྒྱུ་ཆ་རྒྱལ་སྤྱིའི་ནེའུ་ཙི་ལན་ཀུང་སིའི་འགན་འཁུར་བ་ཀུའོ་ཞང་གིས། གསོག་ནུས་མ་ལག་དེས་ད་དུང་ཉེ་འགྲམ་གྱི་སྡོད་ཁང་དང་སྡེ་ཁུལ་ལ་གློག་བཏང་བ་མ་ཟད། གློག་གི་དགོས་མཁོ་དངོས་ལ་གཞིགས་ནས་སྐབས་བསྟུན་གྱིས་གློག་གཏོང་མང་ཉུང་བཟོ་ཆོག་གི་ཡོད། ཆུ་སྐྱོན་སོགས་ཀྱི་གནས་ཚུལ་ཛ་དྲག་འཕྲད་པའི་སྐབས། ཉེ་འཁོར་གྱི་གྲོང་མིས་ཀྱང་བདེ་འཇགས་གཅིག་སྡུད་བྱ་ཡུལ་ནས་གློག་ཁྲིད་ཐུབ་པ་བྱུང་ཡོད། “དེ་ནི་ནེའུ་ཙི་ལན་གྱི་འབྲེལ་ཡོད་རྣམ་གྲངས་དང་པོ་ཡིན་པས། ཕྱིས་འབྱུང་ང་ཚོས་སློབ་གྲྭ་དང་། ཞིང་རྭ། སྡེ་ཁུལ་ལྟེ་གནས་གཞན་དག་བཅས་ལ་ཁྱབ་གདལ་གཏོང་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    (ཨོ་ཁེ་ལན་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།