འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན།
དགུན་དུས་སུ་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་མཆེད་ཚུལ་སྔོན་དཔག་ལས་ལེགས་པ་ཡོད་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། སའི་གོ་ལའི་བྱང་ཕྱེད་མར་དགུན་དུས་སླེབས་པས། རྒྱལ་ཁབ་མང་པོར་དོས་དྲག་རང་བཞིན་གྱི་དབུགས་ལམ་ནད་འགོ་མཁན་མང་དུ་འགྲོ་བཞིན་ཡོད་ཅིང་། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་གི་ནང་ངོས་འཛིན་བྱས་དོན། འགོ་ནད་མཆེད་ཚུལ་སྔོན་དཔག་ལས་ལེགས་པ་དང་རྒྱལ་ཁབ་ཁག་གིས་དབུགས་ལམ་གྱི་ནད་རྐྱེན་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱས་ཆོག མིག་སྔར་འགྲུལ་སྐྱོད་དམ་ཉོ་ཚོང་ལ་ཚོད་འཛིན་གང་རུང་བྱེད་རྒྱུའི་གྲོས་འགོ་འདོན་གྱི་མིན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། ལོ་རེའི་དུས་མཚམས་འདིར་སའི་གོ་ལའི་བྱང་ཕྱེད་མའི་རྒྱལ་ཁབ་མང་པོར་དོས་དྲག་རང་བཞིན་གྱི་དབུགས་ལམ་ནད་འགོ་མཁན་མང་དུ་འགྲོ་སྲིད་པ་དང་། དབུགས་ལམ་ནད་འགོ་མཁན་དེ་རྒྱུན་དུ་དབུགས་ལམ་གྱི་ནད་རྐྱེན་གྱི་དུས་ཚིགས་རང་བཞིན་ལས་མཆེད་ཀྱི་ཡོད། ནད་རྐྱེན་དེ་དག་ལ་དུས་ཚིགས་རང་བཞིན་གྱི་ཆམ་རིམས་ནད་དུག་དང་། དབུགས་ལམ་གྱི་ཕུང་འདྲེས་ནད་དུག གློ་ཡུའི་ནད་དུག་སོགས་ཚུད་ཡོད་ཅེས་བསྟན་ཡོད།
སྙན་ཞུའི་ནང་ད་དུང་ངོ་སྤྲོད་བྱས་དོན། ཀྲུང་གོར་ཆམ་རིམས་ནད་དུག་ནི་མིག་སྔར་དོས་དྲག་རང་བཞིན་གྱི་དབུགས་ལམ་ནད་ཕོག་པར་ཤུགས་རྐྱེན་ཐེབས་པའི་རྒྱུན་མཐོང་གི་དབུགས་ལམ་གྱི་ནད་རྐྱེན་ཞིག་རེད། ཉེ་ཆར་ཀྲུང་གོར་གློ་ཡུའི་ནད་དུག་འགོས་པའི་ནད་དཔེ་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བརྗོད་དོན། དེ་ནི་རྒྱུན་མཐོང་གི་དབུགས་ལམ་ནད་དུག་ཅིག་ཡིན་པ་དང་དགུན་དུས་དང་དཔྱིད་དུས་རྒྱལ་ཁབ་མང་པོ་ཞིག་ཏུ་མཆེད་བཞིན་ཡོད། ནད་པ་མང་ཆེ་བར་སྤྱིར་བཏང་གི་ཆམ་ནད་དང་འདྲ་བའི་དབུགས་ལམ་སྟོད་མའི་ནད་རྟགས་ཕྲ་མོ་ཡོད་པ་དང་ཉིན་འགའི་རྗེས་སུ་དྲག་སྐྱེད་ཡོང་གི་ཡོད། ནད་པ་ཉུང་ཤས་ཤིག་གློ་ཡུའི་ནད་དུག་གི་རྐྱེན་པས་གློ་ཡུའི་ཡན་ལག་གཉན་ཚད་དང་གློ་ཚད་ལངས་ནས་སྨན་ཁང་དུ་སྡོད་དགོས་སྲིད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་དོན། དགུན་དུས་མི་རྣམས་ཀྱིས་རྒྱུན་གཏན་གྱི་སྔོན་འགོག་བྱེད་ཐབས་སྤྱད་དེ་དབུགས་ལམ་གྱི་ནད་རྐྱེན་མཆེད་པར་སྔོན་འགོག་བྱེད་དགོས། མི་རྣམས་ཀྱིས་འཚང་ཁ་ཆེ་བའམ་མཁའ་རླུང་འགྲོ་རྒྱུག་དཀའ་བའི་ས་ཆར་ཁ་རས་རྒྱག་དགོས་པ་དང་གློ་རྒྱག་པ་དང་ཧབ་ཆི་རྒྱག་སྐབས། ཤོག་རས་སྤྱོད་པའམ་ཡང་ན་གྲུ་མོས་ཁ་བཀབ་དགོས། ལག་པ་རྒྱུན་དུ་བཀྲུ་དགོས་པ་མ་ཟད། ད་དུང་སྤྱི་པའི་འཕྲོད་བསྟེན་སྡེ་ཚན་གྱིས་འོས་སྦྱོར་བྱས་པའི་རིམས་འགོག་སྨན་ཁབ་ཀྱང་རྒྱག་དགོས།