དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་ཡོམ་ནང་གཙོ་གནད་རིག་དངོས་ལ་སྤྱིར་ན་གཏོར་སྐྱོན་ཕོག་མེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-01-14

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད། ས་ཡོམ་བརྒྱབ་རྗེས། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་འཕྲལ་མར་འབྲེལ་བ་བྱས་ནས་རིག་དངོས་ལ་གཏོར་སྐྱོན་ཕོག་མིན་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། ས་ཡོམ་གེགས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་བཀོད་སྒྲིག་ཀྱང་བྱས་པ་རེད། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞིས་རྩེ་གྲོང་ཁྱེར་རིག་དངོས་ཅུས་དང་འབྲེལ་བ་དམ་ཟབ་བྱས་ཏེ། འཕྲལ་སྒྲུབ་རུ་ཁག་བཙུགས་ནས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དང་། ལྷ་རྩེ་རྫོང་། གཏིང་སྐྱེས་རྫོང་། དིང་རི་རྫོང་སོགས་ལ་ཉེན་སྐྱོབ་གེགས་སེལ་ལས་དོན་སྤེལ་བ་དང་རིག་དངོས་རྟེན་མཛོད་ཚན་པར་གཏོར་སྐྱོན་ཕོག་པའི་གནས་ཚུལ་ལ་བསྡོམས་རྩིས་བརྒྱབ་པ་རེད།

    གྲལ་བཤེར་རགས་ཙམ་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་ནང་ཁུལ་གྱི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་སྤྱིའི་ཆ་ནས་གཏོར་སྐྱོན་ཕོག་མེད་པ་དང་། བཀྲ་ཤིས་ལྷུན་པོ་དང་། གནས་བརྒྱ་བྲག་ཕུག ཞ་ལུ་དགོན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་ལ་གཏོར་སྐྱོན་མངོན་གསལ་དོད་པོ་ཕོག་མེད། རང་སྐྱོང་ལྗོངས་རིམ་པ་དང་དེ་མན་གྱི་སྤོ་མི་རུང་བའི་རིག་དངོས་ལ་གཏོར་སྐྱོན་ཕོག་པའི་གནས་ཚུལ་ལ་གྲལ་བཤེར་དང་ཚོད་སྐོར་བྱེད་སྒང་ཡིན་ཞིང་། ཡོམ་ལྟེར་གནས་པའི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་གཉིས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་ཤེས་རྟོགས་བྱུང་ཡོད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོའི་གྲས་ཀྱི་ས་སྐྱ་དགོན་ནི་ཡོམ་ལྟེ་དང་ཐག་ཉེ་ཤོས་ཀྱི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་ཞིང་། ཡོམ་ལྟེ་དང་བར་ཐག་སྤྱི་ལེ་71ལས་མེད། 2024ལོར་དགོན་པའི་འདུ་ཁང་ལ་ཞིག་གསོ་བྱས་ནས་གདུང་མ་འཁྱོག་པ་འགའ་བརྟན་དུ་བཏང་བས། ད་ཐེངས་ཀྱི་ས་ཡོམ་ཁྲོད་གཏོར་སྐྱོན་ཚབས་ཆེན་པོ་ཕོག་མེད་པ་རེད། 2019ལོར་ལག་ལེན་བསྟར་བའི་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་བྱ་ཐབས་ཀྱིས་ཀྱང་ནུས་པ་ཐོན་ནས། ཡོན་རྒྱལ་རབས་ཀྱི་དཀར་ཡོལ་དང་། ཤིང་ཏ་ལའི་ལོ་མའི་དཔེ་ཆ། ཐང་ག སྐུ་འདྲ་སོགས་རྩ་ཆེ་ལ་སྤོ་རུང་བའི་རིག་དངོས་ལ་མིག་སྔར་གཏོར་སྐྱོན་ཕོག་པའི་གནས་ཚུལ་ཤེས་རྟོགས་བྱུང་མེད།

    རྒྱལ་ཁབ་རིག་དངོས་ཅུས་དང་། བོད་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་རིག་དངོས་སྡེ་ཚན་གྱིས་གཏོར་སྐྱོན་ཕོག་པའི་རིག་དངོས་ལ་བརྟག་དཔྱད་དང་ཚོད་སྐོར་མུ་མཐུད་བྱས་ཏེ། ཉེན་ཁ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ནས། གེགས་རྗེས་ཞིག་གསོ་དང་སླར་གསོའི་ལས་དོན་ལ་བཀོད་སྒྲིག་གོ་རིམ་ལྡན་པ་བྱས་ཏེ། རིག་དངོས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།  

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།