“མང་ཚོགས་བདེ་འཇགས་བྱུང་བ་ནི་ང་ཚོའི་དུས་ཆེན་ གྱི་ལག་རྟགས་ཡག་ཤོས་ཡིན”
མི་དམངས་ཉེན་རྟོག་པས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པ།
“འགྲོ། དུད་ཚང་རྗེས་མར་འགྲོ”ཞེས་པ་འདི་ནི་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཚུན། དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དོན་གྲུབ་ཚེ་རིང་གིས་བརྗོད་མང་ཤོས་ཀྱི་སྐད་ཆ་རེད།
ཚེས་7ཉིན་གྱི་སྔ་དྲོར། དོན་གྲུབ་ཚེ་རིང་གིས་འཕྲལ་སྡོམ་ཚོགས་ཆུང་གི་སྣེ་ཁྲིད་དེ་གེགས་ཁུལ་དུ་བསྐྱོད། ཟིང་དཀར་གྲོང་ཚོར་དོན་གྲུབ་ཚེ་རིང་དང་རུ་མི་ཚོས་ལག་པས་ཞིག་རོ་སྔོག་པ་དང་སོ་ཕག་དབོར་ནས་ཁང་པའི་འོག་ཏུ་ལུས་པའི་ཡུལ་མི་5བསྐྱབས་པ་རེད། མགུ་རིང་གྲོང་ཚོར་གནོད་འཚེ་ཚབས་ཆེན་ཕོག་པ་ཤེས་རྗེས། ཁོང་གིས་འཕྲལ་མར་རུ་མི་ཁག་གཅིག་ཁྲིད་དེ་རོགས་སྐྱོབ་བྱེད་པར་བསྐྱོད་ཅིང“འགྲོ། དུད་ཚང་རྗེས་མར་འགྲོ”ཞེས་བརྗོད། ཉིན་ཤས་བསྟུད་མར། དོན་གྲུབ་ཚེ་རིང་དང་རུ་མི་ཚོས་ཡོམ་འགོག་གེཌ་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་དངོས་ཟོག་དབོར་འདྲེན་དང་སྟབས་བདེའི་ཁང་པ་རྒྱག་པ་སོཌ་ཀྱི་ལས་དོན་སྤེལ་བ་རེད།
ཟླ་1ཚེས་10ཉིན་ནི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་ལྔ་པ་དེ་རེད། མགུ་རིང་གྲོང་ཚོའི་ཡུལ་མི་ཚོས་རྩམ་པ་དང་ཇ་བསྲུབས་མ་ཁྱེར་ནས་དོན་གྲུབ་ཚེ་རིང་དང་རུ་མི་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། ཡུལ་མི་ཚེ་རིང་སྟོབས་རྒྱལ་གྱིས“ཁྱེད་ཚོས་དཀའ་ལས་བརྒྱབ་ནས་ང་ཚོའི་བདེ་འཇགས་སྲུང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད། མི་དམངས་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུས་ཤིང་། ས་ཡོམ་བརྒྱབ་རྗེས། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་འཕྲལ་མར་དིང་རི་རྫོང་གྲམ་སོ་ཤང་རྩྭ་གྲོང་ཚོར་བསྐྱོད་དེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་རེད། ཚེས་10ཉིན། གནས་སྤོས་དོ་དམ་ཉེན་རྟོག་པ་ཁག་གཅིག་ལས་གནས་གཞན་དག་ལ་རོགས་སྐྱོར་བྱེད་པར་སྐྱོད་དགོས་པ་ཤེས་རྗེས། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་གྲང་ངར་ལ་མ་འཛེམས་པར་རང་འགུལ་ངང་ཕེབས་སྐྱེལ་ཞུ་བར་ཡོང་བ་དང་། ཁོང་ཚོར་དཀར་གཙང་མཇལ་དར་བསྒྲོན་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
“མང་ཚོགས་བདེ་འཇགས་བྱུང་བ་དེ་ང་ཚོའི་དུས་ཆེན་གྱི་ལག་རྟགས་ཡག་ཤོས་ཡིན”ཞེས་རྒྱལ་དར་དང་ཉེན་རྟོག་དར་ཆའི་འོག་མི་དམངས་ཉེན་རྟོག་པ་རྣམས་ཀྱིས་སེམས་གཏིང་ནས་བརྗོད་པ་རེད།