ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་ལྔ་པ།
མི་དམངས་ཉེན་རྟོག་པས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཚོན་པར་བྱས་པ།
འདི་ནི་ཟླ་1ཚེས་8ཉིན་དིང་རི་རྫོང་མཚོ་སྒང་ཤང་སྨོན་ཏོག་གྲོང་ཚོའི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་རོགས་སྐྱོབ་དངོས་ཟོག་དབོར་རོགས་བྱེད་བཞིན་པ།
“ང་ཚོ་ཡོད་པས་ཁྱེད་ཚོ་སེམས་ཁྲལ་བྱེད་དགོས་མེད”
ས་ཡོམ་བརྒྱབ་རྗེས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་བྱང་ཆུབ་དང་ཁོང་གི་ལས་རོགས་ཚོས་འཕྲལ་མར་མཚོ་སྒང་ཤང་དུ་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་སྔར་བཞིན་འབད་འཐབ་བྱེད་བཞིན་པའི་ཁོང་གིས་དེ་གར་རང་ཉིད་ཀྱི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་ལྔ་པ་དེ་བཏང་བ་རེད།
ཟླ་1ཚེས་10ཉིན་ནི་མི་དམངས་ཉེན་རྟོག་པར་དབང་བའི་དམིགས་བསལ་གྱི་དུས་ཆེན་རེད། ཉིན་དེར་བྱང་ཆུབ་དང་འདྲ་བའི་མི་དམངས་ཉེན་རྟོག་པ་མང་པོས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་སྔར་བཞིན་འབད་འཐབ་བྱེད་བཞིན་མཆིས།
གེགས་ཁུལ་གྱི་གང་སར་ཉེན་རྟོག་པའི་གཟུགས་བརྙན་གྱིས་ཁེངས་ཤིང་། ཁོང་ཚོས་སྨན་དོན་པ་དང་མཉམ་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་དང་། རང་ཉིད་ཀྱི་ཕྲག་པར་བརྟེན་ནས“ཚེ་སྲོག་གི་བགྲོད་ལམ”རེ་རེ་བཞིན་བཏོད་དེ་རྨས་མ་རྣམས་གང་མགྱོགས་སྐྱོབ་ཐུབ་པར་བྱས་ཡོད། ཞིག་རོའི་ཁྲོད་ཁོང་ཚོས་ཉེན་ཁར་མི་འཛེམས་པར་དུས་ཚོད་དམ་འཛིན་གྱིས་ཞིག་རོའི་འོག་ལུས་པའི་མི་རྣམས་སྐྱོབ་པར་བྲེལ། གནས་སྐབས་བཀོད་སྒྲིག་ས་ཚིགས་སུ་ཁོང་ཚོས་སྒྲིག་ལམ་སྲུང་བ་དང་མང་ཚོགས་ལ་སེམས་གསོ་བཏང་ཞིང་། ཚང་མར་འཚོ་བ་འགན་ལེན་དང་བདེ་འཇགས་སྲུང་སྐྱོང་བྱས་པ་མ་ཟད། ད་དུང་འགྲོ་ལམ་བཤངས་ནས་རོགས་སྐྱོབ་དངོས་ཟོག་དུས་ཐོག་ཏུ་དབོར་ཐུབ་པའི་འགན་ལེན་ཡང་བྱས་ཡོད།
ཟླ་1ཚེས་10ཉིན་གྱི་ཞོགས་པའི་ཆུ་ཚོད་8པར། ལྷ་རྩེ་རྫོང་སྤྱི་བདེ་ཅུས་མང་ཕུ་ཤང་མངགས་གཏོང་གི་སློབ་སྟོན་པ་པ་སངས་ནོར་བུ་མལ་ལས་ལངས་རྗེས། གྲ་སྒྲིག་ཨང་གསར་བྱས་ཏེ་རྟ་ལུང་གྲོང་ཚོ་ནས་གནས་གྲོང་ཚོ་དང་ཕུ་གྲོང་ཚོ་བར་དུད་ཚང་རེ་རེ་བཞིན་བསྐྱོད་ནས་འཚམས་འདྲི་དང་སྐོར་ཞིབ་བྱས་པ་མ་ཟད། མང་ཚོགས་ལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།
“ཁང་པ་ལོག་ནས་མང་ཚོགས་མང་པོ་ཞིག་རོའི་འོག་ལུས་པ་མཐོང་སྐབས་སེམས་ནང་སྡུག་བསྔལ་ཚད་མེད་ཡོང་གི་འདུག ང་ཚོ་མི་དམངས་ཉེན་རྟོག་པའི་ལས་འགན་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་རམ་བྱེད་ཐུབ་ཚེ་ང་ཚོའི་སེམས་ཀྱི་སྡུག་བསྔལ་ཆུང་དུ་འགྲོ་གི་འདུག མང་ཚོགས་དཀའ་ངལ་ལས་སྔ་ཙམ་སྒྲོལ་ཐུབ་པའི་རེ་བ་ཡོད། དེ་ནི་མི་དམངས་ཉེན་རྟོག་པར་ཞུགས་སྐབས་བཞག་པའི་དམ་བཅའ་བརྟན་པོར་འགྲེལ་བཤད་རྒྱག་པ་དང་གཉིས་སུ་མ་མཆིས”ཞེས་པ་སངས་ནོར་བུས་གསར་འགོད་པར་བཤད།
ཟླ་1ཚེས་7ཉིན་དིང་རི་རྫོང་གྲམ་སོ་ཤང་དགའ་ལྡན་གྲོང་ཚོར་དིང་རི་རྫོང་སྤྱི་བདེ་ཅུས་གྲམ་སོ་ཤང་མངགས་གཏོང་ཁང་གི་སློབ་སྟོན་པ་ཚེ་རིང་ལྷུན་གྲུབ་རོགས་སྐྱོབ་བྱེད་སྐབས་ཡོམ་འཕྲོའི་ནང་ས་ཕག་ཟགས་ནས་རྨས་སྐྱོན་ཕོག་མོད། འོན་ཀྱང་ཁོང་གིས་ན་ཟུག་ལ་མ་འཛེམས་པར་གེགས་ཁུལ་བརྟན་སྲུང་བྱས་ཏེ་ཞིག་རོའི་འོག་ལུས་པའི་མང་ཚོགས་སྔ་ཙམ་སྐྱོབ་ཐུབ་པའི་འབད་བརྩོན་བྱས་ཡོད།
ཁོང་ཚོས་ང་ལ་སེམས་ཁྲལ་བྱེད་པ་ངས་ཤེས་ཀྱི་འདུག འོན་ཀྱང་ང་རང་མུ་མཐུད་འདི་གར་སྡོད་ཀྱི་ཡིན་ཞེས་ཚེ་རིང་ལྷུན་གྲུབ་ཀྱིས་བཤད།
མིག་སྔར་ཚེ་རིང་ལྷུན་གྲུབ་ཀྱི་རྨ་ཁ་གསོས་རུང་སྐབས་འགར་རྨ་ཁ་ནས་ན་ཟུག་གཏོང་གི་ཡོད། ཁོང་གིས“མང་ཚོགས་ཀྱི་སྡུག་བསྔལ་དང་བསྡུར་ན་ངའི་རྨ་ཁའི་ན་ཟུག་ཆུང་ཆུང་རེད། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་རྒྱུ་ནི་རང་ཉིད་ཀྱིས་སྒྲུབ་འོས་པའི་འགན་འཁྲི་ཞིག་ཡིན”ཞེས་བཤད།
“གེགས་རྗེས་སུ་སེམས་ཁམས་གསོ་རྒྱུ་ནི་གནད་དོན་གལ་ཆེན་ཞིག་དང་ལྷག་པར་དུ་ལུས་སེམས་གཉིས་ཀར་ཕོག་ཐུག་བྱུང་བའི་བྱིས་པའི་སེམས་ཁམས་གསོ་རྒྱུ་ནི་དེ་བས་གལ་ཆེན་པོ་ཞིག་རེད”ཅེས་གཞིས་རྩེ་གྲོང་ཁྱེར་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆབ་སྲིད་ཁྲུའུ་ཡི་མི་དམངས་ཉེན་རྟོག་པ་ཀྲང་ཅ་ཡེ་ཡིས་བཤད། གེགས་ཁུལ་དུ་གནས་སྤོས་དོ་དམ་ཉེན་རྟོག་པས་ཕྲུ་གུ་ཚོར་ཆེད་མངགས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུཌ་བྱས་ཏེ། ཁོ་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་པའི་ཐབས་ལ་བརྟེན་ནས་ཕྲུ་གུ་ཚོའི་སྡུག་བསྔལ་དང་འཇིཌ་སྣང་ཚོར་བར་བྱས་ཤིང་། ཁོ་ཚོར་བྱམས་བརྩེའི་ངང་སེམས་གསོ་བཏང་བ་དང་། ཁོ་ཚོ་དང་རྩེད་མོ་བརྩེས་ནས་ཕྲུ་གུ་ཚོ་རོལ་རྩེད་ནང་སྡུག་བསྔལ་ཡལ་ཐབས་དང་འཇིཌ་སྣང་ཆུང་དུ་གཏོང་ཐབས་བྱས་ཏེ་བྱིས་པའི་སྤྲོ་སྣང་འཕེལ་བར་བྱས་པ་མ་ཟད། ལག་རྟགས་སྤྲད་དེ་ཕྲུ་གུ་ཚོར་རེ་བ་དང་སྤྲོ་སྣང་སྦྱིན་ཡོད།
“ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་རྒྱ་ཆེའི་མི་དམངས་ཉེན་རྟོག་པས་བྱ་སྤྱོད་དངོས་ལ་བརྟེན་ནས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཤིང་། ཁོང་ཚོས་ཉེན་རྟོག་པའི་དུས་ཆེན་གྱི་དོན་སྙིང་ཡོམ་འགོག་གེགས་སེལ་གྱི་བྱ་སྤྱོད་ཚང་མའི་ནང་མཉམ་འདྲེས་ཐུབ་པར་བྱས་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་བདེ་འཇགས་སྲུང་བའི་ལམ་བུར་འོད་སྣང་འཕྲོ་བར་བྱས་ཏེ་དམིགས་བསལ་དུས་ཚོད་དེའི་རིང་མི་རྣམས་ཀྱི་བློས་འཁེལ་ཤོས་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་པ་མ་ཟད། ད་དུང་མི་རྣམས་ལ་ཉེན་རྟོག་པའི་འགན་འཁྲི་སྒྲུབ་སེམས་དང་ལས་འགན་འཁུར་སེམས་གང་ལེགས་མཚོན་པར་བྱས་ཡོད”