ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ།
རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་ཀྱིས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཤིང་། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་གང་མགྱོགས་དཀའ་ངལ་ལས་སྒྲོལ་ཐབས་བྱས་ཡོད།
“མང་ཚོགས་རྣམས་བཀོད་སྒྲིག་བྱ་ཡུལ་དུ་ཁ་ལག་ཚ་པོ་བཟའ་རྒྱུ་ཡོད་པ་དང་། གཉིད་སྐྱིད་པོ་ཁུག་རྒྱུ་ཡོད་པ་བྱེད་དགོས” ས་ཡོམ་བརྒྱབ་རྗེས་ཀྱི་མཚན་མོ་དང་པོ་འཆར་ལ་ཉེ་བའི་སྐབས། དིང་རི་རྫོང་གྲམ་སོ་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་གྲོང་མིའི་སྡོད་ཁུལ་དང་བཀོད་སྒྲིག་བྱ་ཡུལ་དུ་ཕར་འགྲོ་ཚུར་འོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་སེམས་རྣལ་དུ་ཕབ་ནས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གུར་ནང་དྲོ་ཇུས་བྱེད་དུ་བཅུག་ཅིང་། ཁོ་ཚོ་སྐད་ཅིག་ཙམ་ཡང་ལྷོད་ལྷོད་དུ་སྡོད་ལོང་བྱུང་མེད།
“རོགས་སྐྱོར་དཔུང་སྡེ་དང་། གྲོང་ཚོའི་ལས་བྱེད་པ། གྲོང་སྡོད་ལས་བྱེད་པ་བཅས་ཀྱིས་ང་ཚོའི་ཁྱིམ་མི་བདེ་འཇགས་ས་ཆར་སྤོས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ཟླ་1ཚེས་7ཉིན་གྱི་ས་ཡོམ་སྐོར་གླེང་སྐབས། གྲམ་སོ་ཤང་མགུ་རིང་གྲོང་ཚོའི་འབྲོག་པ་སངས་རྒྱས་ད་དུང་དངངས་སྐྲག་འཇགས་མེད། སངས་རྒྱས་ཁྱིམ་གྱི་ནང་མི་དགུ་རང་སྐྲུན་གྱི་ཁང་པ་ཉིས་ཐོག་ནང་སྡོད་ཀྱི་ཡོད། ས་ཡོམ་བརྒྱབ་རྗེས། ཁང་པ་ཤུགས་ཆེན་བརྡིབས་པ་དང་། ནང་མི་དགུ་པོར་རྨས་སྐྱོན་ཆེ་ཆུང་མི་འདྲ་བ་ཕོག་ཡོད། ག་བྱེད་འདི་བྱེད་མེད་པའི་སྐབས། གནོད་སྐྱོན་བྱུང་ཚུལ་གྲལ་བཤེར་བྱེད་མཁན་གྲོང་སྡོད་ཧྲུའུ་ཅི་དང་པོ་ཞུས་ཁྲའོ་འཕྲད་ཅིང་། ཁོ་ཚོའི་རོགས་སྐྱོབ་ཞུ་ཚུལ་གོ་འཕྲལ་ཞུས་ཁྲའོ་ཡིས་གྲོང་ཚོའི་ལས་བྱེད་པ་བོས་ཏེ་ཡོམ་འཕྲོ་རྒྱག་པར་མི་སྐྲག་པ་དང་དངངས་སྐྲག་ལངས་པ་ཁྱད་དུ་བསད་དེ་འཕྲལ་མར་སངས་རྒྱས་ཀྱི་ཁྱིམ་ཡོད་སར་བསྐྱོད་པ་དང་། རྨས་མ་ཁུར་ཏེ་གྲོང་ཚོའི་མདོ་ཁའི་བདེ་འཇགས་ས་ཆར་བསྐྱལ། དེ་ནས་ཁོང་ཚོས་མུ་མཐུད་རྗེས་མའི་ས་ཆར་རོགས་སྐྱོབ་དང་གནོད་སྐྱོན་བྱུང་ཚུལ་གྲལ་བཤེར་བྱེད་པར་བསྐྱོད་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར་ལྗོངས་ཏང་ཨུད་རྩ་འཛུགས་པུས་འཕྲལ་མར《ཡོམ་འགོག་གེགས་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས་པའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཏང་བ་མ་ཟད། ཏང་དངུལ་ནས་སྒོར་ཁྲི་500མྱུར་སྐྱོབ་གེགས་སེལ་ལ་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱིས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་88བཙུགས་པ་དང་། ཏང་ཡོན་ལས་བྱེད་པ་552ཀྱིས་མཚན་གང་འཕྲལ་སྡོམ་གེགས་སེལ་དངོས་ཟོག་རླངས་འཁོར་ལ་བླུགས་པ་དང་། གྲོང་ཁྱེར་རིམ་པས་ཚབ་བྱེད་དོ་དམ་གྱི་ཏང་དངུལ་ནས་སྒོར་ཁྲི་150བཏང་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ། གྲོང་ཁྱེར་ཐད་གཏོགས་ཚན་པ་18དང་རྫོང་13གྱི་ཏང་ཡོན་ལས་བྱེད་པ་1260གེགས་སེལ་གྱི་འཐབ་ས་དང་པོར་བསྐྱོད་དེ་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།
དིང་རི་རྫོང་གིས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་350ལྷག་ཙམ་བཙུགས་ནས་གྲོང་སྡོད་ལས་དོན་རུ་ཁག་180ཡི་གྲོང་སྡོད་ལས་བྱེད་པ་605ས་གནས་ཀྱི་ཡོམ་འགོག་གེགས་སེལ་གྱི་གདོང་ལེན་རུ་ཁག་གི་རུ་མིར་བསྒྱུར་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་3900ལྷག་ཙམ་སྤྱི་འདོམས་ངང་བསྡུ་རུབ་བྱས་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་གཡུལ་ས་མདུན་མར་ཞུགས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་8ཉིན་གྱི་ཆུ་ཚོད་16བར། དིང་རི་རྫོང་གིས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་187བཙུགས་པ་དང་། གུར་3705ཕུབ་པ། མི་ཁྲི་4.65གནས་སྤོས་བཀོད་སྒྲིག་བྱས་པས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱུང་ཞིང་། མིག་སྔར་རོགས་སྐྱོབ་འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་ལ་སྒྱུར་བཞིན་ཡོད།