དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མགུ་རིང་གྲོང་ཚོའི་ཆུ་ཚོད་72ལས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཀྱི་དཔང་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-13

    ཟླ་1ཚེས་10ཉིན་གྱི་བོད་ལྗོངས་དིང་རི།

    ཞོགས་པའི་ཉི་ཟེར་ཤར་རིའི་རྩེ་ནས་མགུ་རིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པར་འཕྲོས་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ།

    སྐབས་དེར་བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ནས་ཆུ་ཚོད་72སོང་ཡོད།

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ་ས་ཡོམ་རིམ་པ་6.8བརྒྱབ་ནས་སྐད་ཅིག་ཉིད་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ལྷིང་འཇགས་མེད་པར་གྱུར།

    འཕྲལ་དུ་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན། སྤྱི་བདེ། དཔུང་སྡེའི་དཔོན་དམག སྨན་བཅོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་བཅས་གཅིག་རྗེས་གཉིས་མཐུད་ངང་གེགས་ཁུལ་དུ་བསྐྱོད་དེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ཚེ་སྲོག་སྲུང་སྐྱོབ་བྱས་ཤིང་། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ནད་པ་བརྒྱུད་འདྲེན་སྐྱོབ་བཅོས། མང་ཚོགས་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་མྱུར་བཟོ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བཅས་བྱས་པ་དང་། མཐུན་སྒྲིལ་དང་། སྒེར་སེམས་མེད་པ། ཞུམ་པ་མེད་པ་བཅས་ལས་གནོད་འཚེའི་ཁྲོད་དཔའ་ངར་ཞུམ་མེད་ཀྱི་མི་རིགས་ཀྱི་སྙིང་སྟོབས་མངོན་ཡོད།

    རི་གྲོང་ཆུང་ཆུང་དེ་ཉིད་སྐབས་འདིར་དབེན་འཇགས་ལས་བྲལ་བ།

    ཚེས་7ཉིན་གྱི་ཆུ་ཚོད་15དང་སྐར་མ་9ཙམ་ལ་གསར་འགོད་པ་མགུ་རིང་གྲོང་ཚོའི་མདའ་རུ་སླེབས་སྐབས། དེར་བྲེལ་འཚུབ་ཆེ་བ་དང་ལུས་ལ་ཐལ་རྡུལ་གྱིས་ཁེངས་པའི་རོགས་སྐྱོབ་པ་མ་གཏོགས་མང་ཚོགས་མཐོང་རྒྱུ་མི་འདུག

    “ས་ཡོམ་བརྒྱབ་རྗེས། གདུང་མ་ཟགས་ནས་ང་རང་བ་ཚང་དུ་ལུས་པ་དང་བཟའ་ཟླས་བསྐྱབས་བྱུང་། སྐབས་དེར་ངར་དངངས་སྐྲག་ཆེན་པོ་སྐྱེས་བྱུང་། དེ་རྗེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱིས་མི་སྣ་སྐྱོབ་ཞོར་དུ་ང་ཚོར་འཕྲལ་དུ་ཁང་པ་མེད་པའི་ས་ཆར་རྒྱུག་ཅེས་འབོད་པ་ཐོས་བྱུང”ཞེས་གྲོང་མི་མཚམས་གཅོད་ཀྱིས་ཕྱིར་དྲན་བྱེད་ཀྱིན་བརྗོད།

    “དུས་རྒྱུན་ནས་གྲོང་ཚོའི་ལས་བྱེད་པས་ང་ཚོར་ཡག་པོ་བྱེད་ཀྱི་ཡོད། ཁོང་ཚོ་མཐོང་མ་ཐག་ངའི་སེམས་པ་ལྷོད་ལ་བབས་སོང”

    “ལྷག་པར་དུ་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ནི་སེམས་བཟང་ཅན་ཞིག་རེད”ཅེས་བརྗོད།

    གསར་འགོད་པས་ལམ་དུ་འགྲོ་གིན་གང་སར་ལྟ་བ་དང་སྐད་ཆ་དྲིས་ནས་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་དྲུག་ཙམ་གྱི་རྣམ་པ་བཀོད་པ་སྟེ།

    རང་སྐྱོབ།

    ས་ཡོམ་བརྒྱབ་རྗེས་གཏོར་བརླག་ཏུ་སོང་བའི་ཁྱིམ་ལ་ལྟ་བཞིན་ཨ་མ་གྲོངས་པའི་སེམས་སྡུག་བཟོད་བསྲན་བྱས་ཏེ། མགུ་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་ཡོན་དང་ཉེན་ཁ་ལས་ཐར་བའི་མང་ཚོགས་སྒྲིག་འཛུགས་ཀྱིས་ཉེར་ཁར་ལུས་པའི་མི་སྣ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་སྤོ་སྒྱུར་བྱས་ཏེ། ཚེ་སྲོག་སྐྱོབ་པར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད།

    ཉེན་སེལ།

    ཤང་ནས་མངགས་པའི་ལས་བྱེད་པ་དང་། མྱུར་དུ་ཡོང་བའི་སྨན་པ་དང་ཉེན་རྟོག་པ། འཕྲལ་མར་བཏང་བའི་རོགས་སྐྱོབ་སྟོབས་ཤུགས་བཅས་གཅིག་རྗེས་གཉིས་མཐུད་དུ་འདིར་འབྱོར་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། བཟའ་བཅའ་དང་འཐུང་ཆུ་བགོས་བཤའ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བཅས་བྱེད་འགོ་བཙུགས།

    ཆུ་ཚོད་16དང་སྐར་མ་18ཙམ་ལ་སྲིད་གཞུང་གིས་སྤྲད་པའི་རྒུད་སྐྱོབ་གུར་ཁག་དང་པོ་དེ་མགུ་རིང་གྲོང་ཚོའི་བྱང་ངོས་ཀྱི་གུ་ཡངས་པའི་ཞིང་ནང་འབྱོར།

    ཆུ་ཚོད་18དང་སྐར་མ་45ཙམ་ལ་དཔུང་སྡེའི་དཔོན་དམག་གིས་མེ་བཏང་ནས་མང་ཚོགས་ལ་ཆུ་ཁོལ་དང་ཁ་ལག་ཚ་པོ་མཁོ་འདོན་བྱས་པ་དང་། འཕྲལ་སྡོམ་གློག་ཁུངས་རླངས་འཁོར་གྲོང་ཚོར་འབྱོར་བ་དང་ལག་རྩལ་མི་སྣས་གློག་ཤུགས་སྒྲིག་བཀོད་མྱུར་བཟོ་བྱས།

    ཟླ་1ཚེས་8ཉིན་གྱི་ཐོ་རེངས་སུ། གསར་འགོད་པ་སླར་ཡང་འདིར་སླེབས་སྐབས་གུར་ནང་གློག་སྒྲོན་སྤར་བ་དང་མང་ཚོགས་ཚང་མ་གུར་ནང་སྤོས་ཟིན།

    ས་ཡོམ་བརྒྱབ་ནས་ཁང་པ་ལོག་ནའང་སེམས་ཤུགས་མི་ཆག་པ།

    ཚེ་རིང་ཕུན་ཚོགས་ཀྱི་ངོས་ནས་བརྗོད་ན་དེ་ནི་དུས་ཡུན་རིང་ལ་བྲེལ་འཚུབ་ཆེ་བའི་མཚན་མོ་ཞིག་རེད། མཚན་མོར་ཡོམ་འཕྲོ་ཐེངས་མང་བརྒྱབ་པ་དང་། དངོས་ཟོག་གཅིག་རྗེས་གཉིས་མཐུད་དུ་འབྱོར་བས་མཐུན་སྦྱོར་ལས་འགན་ལྗིད་རྫོབ་ཆེ་བ་ཞིག་ཡོད།

    ཞོགས་པའི་ཆུ་ཚོད་7པར། གཉིད་ཅུང་ཙམ་ཁུག་བསམ་ནའང་གཉིད་ཁུག་ཐུབ་ཀྱི་མེད།

    ནམ་ལངས་རྗེས་ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སངས་རྒྱས་དང་འབྲེལ་གཏུག་བྱས་ནས་གྲོང་མི་འགའ་བཀོད་སྒྲིག་ས་ཚིགས་སུ་གཙང་སྦྲ་བྱེད་རོགས་ལ་སྐད་བཏང་། “གནས་སྐབས་ཀྱི་སྡོད་ས་ཞིག་ཡིན་ནའང་གཙང་སྦྲ་ཞིག་བྱས་ན་ཚང་མ་གནས་ཟོས་བདེ་པོ་ཡོང་གི་རེད”ཅེས་བཤད་རྗེས། ཁོང་འཕྲལ་མར་གསར་དུ་འབྱོར་་བའི་དངོས་ཟོག་རྩིས་ལེན་པར་སོང་།

    ཉིན་གསུམ་ནང་རླངས་འཁོར་སྣ་ཚོགས་ལམ་དེར་གོ་རིམ་ལྡན་པའི་སྒོ་ནས་བསྐྱོད་དེ་གེགས་སེལ་དངོས་ཟོག་ཁག་མང་པོ་གྲོང་ཚོར་དབོར།

    ས་སྲོད་མཚམས་སུ། “དིང་རི་ཨ་མདོ་ཟ་ཁང”ཞེས་པའི་འཕྲད་འགེལ་སྦྱར་ཡིག་སྦྱར་བའི་གུར་ཞིག་གི་མདུན་དུ་རླངས་པ་འཚུབ་འཚུབ་ཀྱི་ལྷེབ་ཐུག་བཟོས་ཚར་མ་ཐག་ཡིན་པ་དང་། ཡུལ་མི་འགའ་ཞིག་གྲལ་བསྒྲིགས་ནས་ཁ་ལག་ལེན་བཞིན་ཡོད།

    “ང་ཚོས་རྫོང་ནང་གི་ཚོང་ཁང་གནས་སྐབས་སྒོ་བརྒྱབ་པ་ཡིན། ཉིན་གུང་ཙམ་ལ་འདི་གར་འབྱོར་བྱུང་། མིག་སྔར་ཕལ་ཆེར་ལྷེབ་ཐུག་ཕོར་པ་བདུན་ཅུ་བརྒྱད་ཅུ་ཙམ་ཡུལ་མི་ཚོར་སྤྲད་ཟིན”ཞེས་ཨ་མདོ་ཟ་ཁང་གི་སྦྱིན་བདག་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་བརྗོད། ཁོང་གིས“ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ལའང་དེ་སྔོན་ས་ཡོམ་གྱི་གནོད་འཚེ་ཕོག་མྱོང་བས། ཁྱིམ་གཞིས་ཐོར་ཞིག་སོང་བའི་སྡུག་བསྔལ་ང་རང་གིས་མྱོང་ཚོར་ཟབ་མོ་ཐུབ་ཀྱི་འདུག་ལ། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཀྱང་དེ་སྔོན་ཚོར་མྱོང་། ལྟོ་འགྲངས་ལུས་དྲོད་བྱུང་ན་གཞི་ནས་ཁྱིམ་གཞིས་དེ་བས་ཡག་པོ་སྐྲུན་ཐུབ། ཚང་མར་རོགས་རམ་བྱེད་ཐུབ་ན་བསམ་གྱི་འདུག”ཅེས་བརྗོད།

    ཉིན་མོ་གསར་པར་རེ་བ་གསར་པ་བྱུང་བ།

    ས་ཡོམ་བརྒྱབ་རྗེས། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་ཏང་ཡོན་གདོང་ལེན་རུ་ཁག་བཙུགས་ནས་འཕྲལ་མར་གེགས་ཁུལ་དུ་བསྐྱོད་དེ་དང་བླངས་ཞབས་ཞུ་དང་སེམས་གསོ་སོགས་ཀྱི་ལས་དོན་གཙོ་གནད་དུ་སྤེལ་བ་རེད།

    ཉིན་འདི་དག་རིང་། ཏང་ཡོན་གདོང་ལེན་རུ་ཁག་གི་དང་བླངས་པ་རྡོ་རྗེས་འཐབ་ས་དང་པོར་གཞི་ཚུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བསམ་བློ་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་གཏིང་ཟབ་བྱས་ཤིང་། ཁོང་གིས“ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གྲོང་ཚོར་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེགས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་བརྒྱུད་བསྒྲགས་གནང་བས། ཚང་མར་སེམས་འགུལ་ཆེན་པོ་ཐེབས་འདུག་ལ་ཁང་པ་བསྐྱར་དུ་རྒྱག་ཐུབ་པ་དང་བཟའ་འཐུང་ལའང་སེམས་ཁྲལ་མི་དགོས་པའི་ཡིད་ཆེས་བྱེད་ཀྱི་འདུག ཏང་གི་བཀའ་ལ་ཉན་ནས་ལག་གདང་སྦྲེལ་ཏེ་དུས་ངལ་མཉམ་སེལ་བྱེད་དགོས”ཞེས་བརྗོད།

    སྲིད་གཞུང་གིས་སྤྱི་འདོམས་བྱས་པ་དང་། གཅེས་སེམས་ཁེ་ལས་ཀྱིས་ཞལ་འདེབས་ཕུལ་བ། བསྟུད་མར་ལས་དོན་སྤེལ་བ་བཅས་བརྒྱུད། མགུ་རིང་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་ཁག་སོ་སོར་སྟབས་བདེའི་ཁང་པ་53བསྐྲུན་པ་མ་ཟད། ད་དུང་འཆར་གཞི་ལྟར་ན། སྟབས་བདེའི་ཁང་པ་20ལྷག་ཙམ་ཟླ་1ཚེས་10ཉིན་འབྱོར་ནས་སྒྲིག་སྦྱོར་བྱ་རྒྱུ་རེད།

    སྟབས་བདེའི་ཁང་པ་53དེ་དག་ལས་30ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་གསུམ་པའི་བོད་ལྗོངས་ཀུང་སིས་ཞལ་འདེབས་ཕུལ་བ་རེད།

    བཅར་འདྲི་དང་ལེན་བྱེད་མཁན་མང་ཚོགས་ཚོས“ཁྱིམ་གཞིས་གསར་པར”རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།