དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་རྩོམ་དགོས།

    —— ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-13

    ཉེ་ཆར། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་པ་དང་ཆབ་མདོའི་2025ལོའི་དཔལ་འབྱོར་ལས་དོན་འཆར་འགོད་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།

    ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། ད་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཝུའེ་ཤིང་ཀུའེ་ཡིས་བརྗོད་དོན། ཆབ་མདོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་གནས་ལུཌ་བསྙོན་དུ་མེད་པ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཤུགས་རྒྱག་ས་གཙོ་བོར་བྱས་ཏེ་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་འཕར་བར་སྐུལ་འདེད་བཏང་སྟེ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་ལ་བརྟེན་ནས་བོད་ཀྱི་ལས་དོན་སྤྱི་ཡོངས་ལ་འདེགས་སྐྱོར་བྱེད་ཀྱི་ཡིན། ཞིབ་ཕྲ་ནས་བཤད་ན། གཤམ་གསལ་གྱི་ཕྱོགས་ལྔའི་ཐད་ནས་དམ་འཛིན་བྱེད་ཀྱི་ཡིན་པ་སྟེ།  

    གཅིག་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུ། ངེས་པར་དུ“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ་རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་རྒྱུད། དཔལ་འབྱོར་ནི་ཁྱོན་བཅས་ཡིན་པ་མཐའ་འཁྱོངས་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིགས། སྤྱི་འདོམས་འཕེལ་རྒྱས། ཁག་གཅིག་ཇུས་འགོད་གྲབས་གསོག་དང་། ཁག་གཅིག་འདུན་ཞུ་བརྩོན་ལེན། ཁག་གཅིག་སྐྲུན་མགྱོགས་སུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས། སྟོབས་ཤུགས་གཅིག་སྒྲིལ་དང་། ཐོན་ཁུངས་མཉམ་འདུས། གཙོ་རྒྱུ་འདུས་གྲུབ་བཅས་བྱས་ཏེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཡག་པོ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས།

    གཉིས་ནས་ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་གཏོང་བར་དམ་འཛིན་ཡག་པོ་བྱ་རྒྱུ། ཆབ་མདོའི་ལེགས་ཆ་དང་ཁྱད་ཆོས་ལ་གཞི་ཚུགས་ནས་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ“3+1+1”གི་ལས་འགན་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་དང་། ལྗང་མདོག་གཏེར་ལས། རིག་གནས་དང་ཡུལ་སྐོར་ཐོན་ལས། གནམ་ས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན། ཞིང་འབྲོག་ལས་ཐོན་ལས་སོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    གསུམ་ནས་ནུས་ཤུགས་ཡོད་རྒུས་འཛད་སྤྱོད་སྐུལ་སྤེལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ། “གསར་གཉིས”སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་གསར་གཏོད་ངང་སྤེལ་བ་དང་། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་ལ་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ“བདེ་སྐྱིད་ལྡན་པའི་ཆབ་མདོ·སྤྲོ་སྣང་ལྡན་པའི་འཚོ་བའི”བྱེད་སྒོ་རྒྱུན་མཐུད་ནས་སྤེལ་བ། ས་ཁོངས་ཡོངས་སུ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཁྱབ་སྤེལ་གཏོང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གཏིང་ཟབ་སྔོག་པ་བཅས་བྱས་ཏེ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། གནད་འཁེལ་རང་བཞིན་མཐོ་རུ་གཏོང་བ། བེད་སྤྱོད་ཀྱི་ཚད་གཞི་དམའ་རུ་གཏོང་བ་བཅས་བྱེད་དགོས།

    བཞི་ནས་ནུས་ཤུགས་ཡོད་རྒུས་ཚན་རྩལ་གསར་གཏོད་ལ་དམ་འཛིན་ཡག་པོ་བྱ་རྒྱུ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་ཚེག་དབྱིབས་ཚད་བརྒལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་བཙུགས་ཏེ“སྐྱོང་འདྲེན་སྤྱོད་ཉར”བཞི་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།

    ལྔ་ནས་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ། “ཆེས་བཞི”ཡི་དཔེ་བསྡུར་ལས་དོན་རྒྱུན་མཐུད་སྤེལ་ཏེ“ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལོའི”ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་། “ཁེ་ལས་པའི་ཁྱིམ་གཞིས”ལས་སྟེགས་ཡག་པོ་སྤྱོད་པ། “ཧྲི་ཀྲང་གི་སྣེ་ལེན་ཉིན་མོའི”བྱེད་སྒོ་དོན་འཁྱོལ་བྱེད་པ། ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་པ། ཁེ་ལས་ཀྱི་ལས་མི་དང་། ས་ཆ། ནུས་རྒྱུ་བཅས་སྤྱོད་པའི་ཐད་ཀྱི་ཞབས་ཞུ་དང་འགན་སྲུང་ཡག་པོ་བྱེད་པ་བཅས་བྱས་ཏེ་ཚོང་གཉེར་ཁོར་ཡུག“ཡག་པོའི”ཐོག་ནས་ཁྲོམ་རའི་བྱེད་པོའི“གསོན་ཤུགས”འཕེལ་བ་དང་། མ་འཇོག་རྣམ་གྲངས“འཕར་སྣོན”ལ་སྐུལ་ཁྲིད། དཔལ་འབྱོར་འཁོར་རྒྱུག་དང་སྤྱི་ཚོགས་སྤྱི་ཡོངས“བརྟན་པོ”ཡོང་བར་འགན་སྲུང་བཅས་བྱེད་དགོས།

    ཝུའེ་ཤིང་ཀུའེ་ཡིས། གོམ་སྟབས་རྗེས་མར་ང་ཚོས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ལྷག་པར་དུ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་རྒྱག་པ་དང་། “ཆགས་པ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱར་དམིགས་པ། “གསར་བརྗེའི་ཆབ་མདོ·འབད་འབུངས་དར་རྒྱས”ཀྱི་བྱེད་སྒོ་གཞི་རྟེན་དུ་བྱེད་པ། “ཐམས་ཅད་ཤར་ལ་ཕྱོགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་སྐྲུན་དགོས”ཞེས་པའི་ལས་ཀའི་དམིགས་ཚད་གཏན་འཁེལ་བྱེད་པ། “3+1+1”གི་ལས་འགན་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོན་པོས་ཆབ་མདོ་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་རྩོམ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་ཆབ་མདོའི་འགན་འཁྲི་ཁུར་བ་དང་ཆབ་མདོའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།