མཚོ་སྔོན་དུ་ལྷུ་སྒྲིག་ལྷས་རའི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྤྲོད་པའི་ཚོད་ལྟ་བྱ་ཡུལ་གསར་པ་བཙུགས་པ།
ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྫོང(གྲོང་ཁྱེར)དྲུག་གི་མཉམ་ལས་ཁང་30ཡིས་2024ལོའི་མཇུག་ཏུ། ལྷུ་སྒྲིག་ལྷས་རའི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྒོར་ཁྲི་752བླངས་ཡོད། མཚོ་སྔོན་གྱི་ལྷུ་སྒྲིག་ལྷས་རའི་ལེ་ལག་ཚང་བའི་སྒྲིག་ཆས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྤྲོད་པའི་ཚོད་ལྟ་བྱ་ཡུལ་གསར་པ་ཡུལ་ཤུལ་ཀྲོའུ་རུ་བདེ་བླག་ངང་བཙུགས་ཤིང་། ལྷུ་སྒྲིག་ལྷས་ར་ཁག་དང་པོའི་སྟར་པ་34བསྐྲུན་པར་རྒྱ་ཁྱོན་སྨི་ངོས་གྲུ་18800ཟིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ནས་སྔོན་ཐོན་སྤྱོད་འཐུས་དང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཐུབ་པའི་ཞིང་འཕྲུལ་ཐོན་རྫས་གསར་པ་ཁྱབ་གདལ་གང་མགྱོགས་བཏང་ནས་ཕྱུགས་རིགས་གསོ་ཚགས་དུད་ཚང་གི་འཕྲུལ་འཁོར་ཅན་དང་རིག་ནུས་ཅན་གྱི་གསོ་ཚགས་ལྷས་རའི་དགོས་མཁོ་དེ་བས་ཡག་པོ་སྐོང་ཆེད། མཚོ་སྔོན་གྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་དང་གཞི་རིམ་དུ་བསྐྱོད་དེ་ད་ཆའི་གནས་སྟངས་ལ་བརྟག་ཞིབ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཚོ་སྔོན་གྱི་དོན་དངོས་ཀྱི་འབྲེལ་ཆོས་གནད་ལ་འཁེལ་བ་བཙལ་ནས། ལྷུ་སྒྲིག་ལྷས་ར་དེ་ལེ་ལག་ཚང་བའི་སྒྲིག་བཀོད་ཞིག་ཏུ་བརྩིས་ནས་ཞིང་འཕྲུལ་གྱི་ཁྱབ་ཁོངས་སུ་བཅུག་སྟེ་རྒྱལ་ཡོངས་ཀྱི་སྔོན་ལ་ཚོད་ལྟའི་ལས་དོན་སྤེལ་ཡོད།