དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དིང་རིའི་ས་ཡོམ་གྱི་རོགས་སྐྱོབ་དང་ལས་མཇུག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-12

    བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འབྲེལ་ཡོད་ས་གནས་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་དང་ལེན་ཞུས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཡོད། མིག་སྔར། ཡོམ་འགོག་གེགས་སེལ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་མུ་མཐུད་རོགས་སྐྱོབ་དང་ལས་མཇུག་ལས་དོན་སྤེལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱས་ཡོད།

    བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། ཚེས་9ཉིན་གྱི་ཆུ་ཚོད་6པའི་བར། ས་ཡོམ་ནང་མི་126རྐྱེན་ལམ་དུ་ཤོར་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་6.15ཙམ་ཟིན་ཡོད། ཉིན་ཤས་བསྟུད་མར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་བཅས་ཀྱི་མི་ཁྲི་1.5ལྷག་ཙམ་གྱིས་ཡོམ་ལྟེ་ཁུལ་དུ་འཚོལ་སྐྱོབ་ལས་དོན་སྤེལ་ཡོད། གནོད་འཚེ་ཕོག་ཁུལ་དུ་ཁྱོན་བཀོད་སྒྲིག་བྱ་ཡུལ་224བཙུགས་པ་དང་གུར་ཁྲི་1.2ལྷག་ཙམ་ཕུབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་4.75བཀོད་སྒྲིག་བྱས་ཡོད། དྲོད་གཏོང་འཕྲུལ་ཆས་ཁྲི་1.2ལྷག་ཙམ་དང་གློག་དྲོད་གདན་3000ལྷག་ཙམ་སོགས་ཀྱི་དངོས་ཟོག་རིམ་བཞིན་འབྱོར་ནས་མང་ཚོགས་ལ་སྤྲད་ཡོད། མིག་སྔར། སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་འོག་རོགས་སྐྱོབ་དངོས་ཟོག་འདང་ངེས་ཡོད་པ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཐུབ་ཡོད། ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་བརྒྱུད། གེགས་ཁུལ་གྱི་གློག་ཤུགས་དང་འཕྲིན་གཏོང་གཞི་རྩའི་ཆ་ནས་སླར་གསོ་ཐུབ་པ་དང་།  རྒྱལ་ལམ་དང་ཞིང་ཆེན་གྱི་མ་ལམ་ཚང་མ་ཤར་གཏོང་ཐུབ་པ། གྲོང་གསེབ་ཀྱི་གཏོར་སྐྱོན་ཕོག་པའི་ལམ་རྒྱུད་སླར་གསོ་ཐུབ་པ། ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་ཞབས་ཞུ་འཁོར་སྐྱོད་སླར་གསོ་ཐུབ་པ་བཅས་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རིམ་ཁག་སྨན་བཅོས་སྒྲིག་གཞིས་ཁྱོན་རྨས་མ་337ལ་སྨན་བཅོས་བྱས་པ་དང་། མང་ཚོགས་246སྨན་བཅོས་བྱས་རྗེས་སྨན་ཁང་ནས་དོན་ཡོད། རྨས་མར་སྐྱོབ་བཅོས་ཡག་པོ་ཐུབ་པའི་འགན་ལེན་བྱ་ཆེད། རིམ་ཁག་སྨན་བཅོས་སྐྱོབ་བཅོས་རིགས་གཅིག་མཁས་ཅན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་རྨས་མ་ཚང་མར་རེ་རེ་བཞིན་བརྟག་དཔྱད་བྱས་ཏེ“མི་གཅིག་ལ་ཐབས་ཇུས་གཅིག”གི་སྐྱོབ་བཅོས་ཇུས་གཞི་བཟོས་ཡོད། རིམས་འགོག་རུ་ཁག་དང་མཉམ་དུ་ཡོམ་ལྟེར་བསྐྱོད་དེ་འཕྲོད་བསྟེན་འགན་སྲུང་ལས་དོན་སྤེལ་བ་དང་། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་འཕྲོད་བསྟེན་པ་མངགས་ནས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྨན་བཅོས་བྱས་ཡོད།

    ཚེས་9ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཚོང་དོན་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་མཉམ་དུ་འཕྲལ་སྡོམ་དངོས་ཟོག་སྲིད་གཞུང་དང་སྤྱི་ཚོགས་མཉམ་ལས་འགན་ལེན་ལམ་སྲོལ་བརྒྱུད། སྐྱེ་དངོས་རྡོག་པོ་སོགས་སྐྱེ་ལྡན་དངོས་པོའི་འབུད་ཤིང་ཏུན་ཁྲི་1དང་འཕྲལ་སྡོམ་གློག་སྒྲོན་5000སོགས་ཀྱི་དངོས་ཟོག་མཐུན་སྦྱོར་རོགས་སྐྱོར་བྱས་ཡོད། དེ་གོང་བཀོད་གཏོང་བྱས་པའི་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་གཉིས་ཚང་མ་གནོད་འཚེ་ཕོག་ཁུལ་དུ་འབྱོར་ཡོད།

    གེགས་ཁུལ་ལ་རོགས་སྐྱོར་བྱེད་པའི་སྤོ་བདེའི་ཁང་པ་རླངས་འཁོར་ནང་བླུགས་ནས་དབོར་བ་དང་། སི་ཁྲོན་སོགས་ས་ཁུལ་དུ་ཟོག་འདྲེན་ཆེད་གཏོང་མེ་འཁོར་ཤར་གཏོང་བྱས་ནས་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་གེགས་ཁུལ་དུ་སྐྱེལ་འདྲེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།