“བཅིངས་འགྲོལ་དམག་མིས་ང་ཚོའི་སྲོག་སྐྱོབ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”
འདི་ནི་ཟླ་1ཚེས་9ཉིན། དིང་རི་རྫོང་གྲམ་སོ་ཤང་དུ་སྨན་བཅོས་རུ་ཁག་གི་རུ་མིས་རྨས་སྐྱོན་ཕོག་པའི་ཡུལ་མི་འགྱོགས་བྱམས་ཐོག་བཞག་ནས་ཐད་འཕུར་གནམ་གྲུར་བླུགས་ཏེ་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་སྐྱེལ་བཞིན་པ།
ཟླ་1ཚེས་7ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་པའི་ཉིན་དེར་དཀར་པོ་གྲོང་ཚོའི་ཡུལ་མི་ཕུར་བུ་སྐལ་བཟང་ཛ་དྲག་གི་ཉེན་གཡོལ་བྱེད་རིང་ཁང་པའི་ཐོག་སྟེང་ནས་ལྷུངས་བའི་པང་ལེབ་ཀྱིས་མིག་གཡས་པར་རྨ་བཟོས་ཏེ་ཁྲག་ཀྱང་དོན། “སྐབས་དེ་དུས་གནད་འགག་ཆེན་པོ་མི་འདུག་སྙམ”ནས་རྨ་རས་སྟབས་བདེ་ཞིག་དཀྲིས་རྗེས་ལམ་སེང་གེགས་སྐྱོབ་ནང་ཞུགས་ཡོད།
གེགས་རྗེས་ཀྱི་རྨས་མ་སྐྱོབ་བཅོས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཆབས་ཅིག་ཚེས་8ཉིན་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རུ་ཁག་ཕུར་བུ་སྐལ་བཟང་སྡོད་སའི་གུར་ནང་དུ་སྐོར་སྐྱོད་སྨན་བཅོས་བྱེད་པར་ཡོང་སྐབས་སྨན་པས་ཁོང་གི་མིག་ལ་རྨ་ཆེན་པོ་བཟོས་པ་དང་མིག་ཤེད་མངོན་གསལ་དོད་པོས་ཆག་པ་མ་ཟད་མིག་རིལ་དོན་པའི་ཉེན་ཁའང་ཡོད་པ་ཤེས། “མང་ཚོགས་ཤིག་གི་མིག་ལ་རྨ་བཟོས་འདུག་པས་འདི་གའི་སྨན་བཅོས་ཆ་རྐྱེན་དེ་ཙམ་ཡག་པོ་མེད་སྟབས་ཐད་འཕུར་གནམ་གྲུས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་སྐྱེལ་དགོས་ཀྱི་འདུག”
ཚེས་9ཉིན་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་རྟེན་གཞི་ཞིག་ལ་ཡོམ་ཁུལ་དུ་མགྱོགས་མྱུར་རྨས་མ་དབོར་སྐྱེལ་བྱེད་པར་ཐད་འཕུར་གནམ་གྲུ་གཉིས་གཏོང་དགོས་པའི་ལས་འགན་འབྱོར། རྟེན་གཞིས་འཕྲལ་དུ་མཁའ་འགྲུལ་བཀག་སྡོམ་དང་གནམ་གཤིས་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཁའ་ཐོག་ཏུ་ཡོད་པའི་གནམ་གྲུར་འཕྲལ་དུ་གཡོལ་ཐབས་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་རོགས་སྐྱོབ་བྱེད་པར“ཤར་སྐྱོད་འགྲོ་ལམ”བཤངས། སྐར་མ་20ལྷག་ཙམ་ལས་མ་འགོར་བར་ཐད་འཕུར་གནམ་གྲུ་མཁའ་དབྱིངས་ནས་ཡོམ་ཁུལ་དུ་བསྐྱོད་པ་རེད།
དུས་ཚོད་ཡུན་རིང་མ་འགོར་བར་ཐད་འཕུར་གནམ་གྲུ་2གྲམ་སོ་ཤང་འཕྲོད་བསྟེན་ཁང་ཉེ་འགྲམ་གྱི་རྩྭ་ཐང་དུ་དལ་བུར་བབས། ས་ཆ་དེ་གར་བྱེ་རླུང་ལྡང་ཤུགས་ཆེ་ཙམ་ཡོད་པར་བསམ་གཞིག་བྱས་ནས་དམག་ཁོངས་སྨན་པ་ཚོས་ཕུར་བུ་སྐལ་བཟང་གི་མིག་ལ་རྨ་རས་མཐུག་པོ་ཞིག་དཀྲིས་ཏེ་འགྱོགས་བྱམས་ཐོག་བཞག་ནས་ཐད་འཕུར་གནམ་གྲུར་བླུགས་ཏེ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་སར་ཡོད་པའི་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཕྱོགས་སུ་འཕུར། “ཐད་འཕུར་གནམ་གྲུ་ཆེད་མངགས་ང་ཚོར་རོགས་རམ་བྱེད་པར་ཡོང་བ་རེད་བསམ་མ་བྱུང་། བཅིངས་འགྲོལ་དམག་མིས་ང་ཚོའི་སྲོག་སྐྱོབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཕུར་བུ་སྐལ་བཟང་གིས་བཤད།
གེགས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱ་ཆེད། ནུབ་རྒྱུད་འཐབ་ཁུལ་མདུན་སྐྱོད་བཀོད་འདོམས་སུའོ་ཡིས་སྨན་བཅོས་སྟོབས་ཤུགས་སྤྱི་འདོམས་བྱས་ནས་འཐབ་ས་དང་པོར་བསྐྱོད་དེ། སྨན་བཅོས་ས་ཚིགས་23བཙུགས་ནས་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་ལ་སྐོར་སྐྱོད་སྨན་བཅོས་བྱས་ཡོད། “རྨས་མ་རེ་རེ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་སྨན་བཅོས་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་དང་འོས་འགན་ཡིན”ཞེས་སྨན་བཅོས་རུ་ཁག་གི་དམག་ཁོངས་སྨན་པ་པན་རུའེ་ཧྭ་ཡིས་བཤད།