བོད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།
ན་ནིང་ཟླ་དང་པོ་ནས་བཅུ་གཅིག་བར། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་97ལྷག་ཙམ་ཟིན་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་བྱེད་སྒོ་ནས་ཤེས་རྟོགས་བྱུང་བར། 2024ལོར་རང་ལྗོངས་ཀྱིས“ལྟེ་བ་གཅིག་དང་། བར་ཁྱམས་གསུམ། ཁུལ་དྲུག”བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་བར་མཐོངས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།
མིག་སྔར། རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དཔལ་འབྱོར་ཐད་འཕེལ་རྒྱས་མགྱོགས་པོ་འགྲོ་ཚུལ་མངོན་ཞིང་། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་97.33ཟིན་ནས་དུས་མཚུངས་ལས་21%འཕར་ཡོད། གཞན་ཡང་། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མིག་སྔའི་བར། ལྗོངས་ཡོངས་སུ་རིག་གནས་རིགས་ཀྱི་ཁེ་ལས་12942དང་ཡུལ་སྐོར་རིགས་ཀྱི་ཁེ་ལས་8145ཡོད། རྒྱལ་ཁབ་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་174(དེའི་ནང་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་5ཡོད)དང་། སྐར་མ་རིམ་པའི་མགྲོན་ཁང་དང་གསོལ་མགྲོན་ཁང་162 ཡུལ་སྐོར་ལས་དོན་ཁང་459བཅས་ཡོད་པ་དང་། ལས་ཐོག་ཡུལ་སྐོར་སྣེ་ཤན་པ་2725ཡོད། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ(གྲོང་རྡལ)48ཡོད་པ་དང་། ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ལམ་G219ལམ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྒྱལ་ལམ་G349ལམ་རྒྱུད(ལྷ་རི་དང་། དཔལ་འབར། ལྷོ་རོང)ཀྱི་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན། བོད་ལྗོངས་གཡུ་ཐོག་ཁང་གསར་བོད་ལུགས་གསོ་རིག་མངོན་མིན་རིག་གནས་རྒྱུན་འཛིན་རྟེན་གཞི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་པ་རེད།