ཕ་ན་མའི་ཕྱི་འབྲེལ་པུའུ་ཀྲང་གིས་ཕ་ན་མའི་མིས་བཟོས་གཙང་པོའི་བདག་དབང་ལ་གྲོས་མོལ་བྱེད་དགོས་མེད་ཅེས་བརྗོད་པ།
ཤིན་ཧྭ་གསར་འགྱུར་ཁང་ཕ་ན་མ་གྲོང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་བསྐོ་སྒུག་ཙུང་ཐུང་ཐེ་རོན་ཕུས་ཕ་ན་མའི་མིས་བཟོས་གཙང་པོ་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་གཏམ་བརྗོད་སྤེལ་བར་དམིགས་ནས། ཚེས་7ཉིན་ཕ་ན་མའི་སྲིད་གཞུང་གིས་ཕ་ན་མའི་མིས་བཟོས་གཙང་པོའི་བདག་དབང་ལ་གྲོས་མོལ་བྱེད་དགོས་མེད། མིས་བཟོས་གཙང་པོར་དོ་དམ་བྱེད་དབང་ཚང་མ་ཕ་ན་མ་བའི་ལག་ཏུ་ཡོད་ཅེས་བརྗོད་པ་རེད།
ཕ་ན་མའི་ཕྱི་འབྲེལ་པུའུ་ཀྲང་མཱ་ཏིང་ནེ་སི-ཨཱ་ཁྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕ་ན་མའི་ཙུང་ཐུང་མུའུ་ལི་ནུའོ་ཡི་དེ་གོང་གི་ལངས་ཕྱོགས་ཏེ། ཕ་ན་མའི་མིས་བཟོས་གཙང་པོའི་བདག་དབང་ནི་ཕ་ན་མའི་མི་དམངས་ཀྱི་འཐབ་རྩོད་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པ་དེ་ལྟག་ལོག་རྒྱག་ཐབས་མེད་པའི་རྒྱལ་ཁའི་གྲུབ་འབྲས་ཤིག་རེད། ཕ་ན་མ་ཕྱོགས་ཀྱིས་ཐེ་རོན་ཕུ་སྲིད་གཞུང་དང་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་མོད། འོན་ཀྱང“མིས་བཟོས་གཙང་པོ་ཚོད་འཛིན་ཐུབ་མཁན་ནི་ཕ་ན་མ་བ་ཁོ་ན་ཡིན”ཞེས་དང“ཕ་ན་མའི་མིས་བཟོས་གཙང་པོ་ནི་ཕ་ན་མའི་མི་དམངས་ལ་དབང་བ་དང་ཆབས་ཅིག་ནམ་ཡང་དེ་ལྟར་ཡིན”ཞེས་བསྐྱར་བསྒྲགས་བྱས་པ་རེད།
ཐེ་རོན་ཕུས་གཅིག་བྱས་ན་དམག་དོན་གྱི་བྱེད་ཐབས་ལ་བརྟེན་ནས་ཕ་ན་མའི་མིས་བཟོས་གཙང་པོ་ཚོད་འཛིན་བྱེད་དབང་ཐོབ་ཐབས་བྱ་རྒྱུ་ཡིན་ཞེས་པའི་གཏམ་བརྗོད་ལ་དམིགས་ནས་མཱ་ཏིང་ནེ་སི—ཨཱ་ཁྲས“ཕ་ན་མའི་སྲིད་གཞུང་གིས་ཐེ་རོན་ཕུས་དངོས་སུ་གོ་གནས་འཁུར་རྗེས་གནས་ཚུལ་གྱི་འཕེལ་རྒྱས་འགྲོ་ཚུལ་ལ་གཞིགས་ནས་དགོས་ངེས་ཀྱི་ཐབས་ཇུས་འདོན་གྱི་ཡིན”ཞེས་ལན་བཏབ་པ་དང་། དེ་མིན་ཁོང་གིས་ཕ་ན་མ་སྲིད་གཞུང་གིས་ཐེ་རོན་ཕུ་ཚོགས་པ་དང་འབྲེལ་གཏུག་གང་ཡང་བྱེད་མྱོང་མེད་ཅེས་བརྗོད་པ་རེད།
ཚེས་7ཉིན། ཐེ་རོན་ཕུས་ཨ་རིའི་ཧྥོ་ལུའོ་ལི་ཏཱ་ཀྲོའུ་ཧའེ་ཧུའུ་གཞིས་ཀར་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨ་རིའི“དཔལ་འབྱོར་བདེ་འཇགས་ཀྱི་དགོས་མཁོར”བསམ་གཞིག་བྱས་ཏེ། “དམག་དོན་ནམ་ཡང་ན་དཔལ་འབྱོར་གྱི་བཙན་ཤེད”བྱེད་ཐབས་ཐོག་ནས་ཕ་ན་མའི་མིས་བཟོས་གཙང་པོ་དང་ཀེ་ལིང་ལན་གླིང་ཕྲན་གྱི་ཚོད་འཛིན་བྱེད་དབང་འཕྲོག་སྲིད་པའི་ངེས་པ་ཡོད་ཅེས་བརྗོད་པ་རེད།