དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གེགས་སེལ་གྱི་འཐབ་ས་དང་པོའི་ལག་ཟུང་བཞི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཡོན་ཆོན། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2025-01-11

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་སེལ་གྱི་འཐབ་ས་དང་པོའི་ལག་ཟུང་བཞི་ཡིས་གསར་འགོད་པར་བག་ཆགས་ཟབ་མོ་བཞག་པ་རེད།

    —— ལག་ཟུང་གཅིག་ནི་འདམ་བག་གིས་ཁེངས་པའི་མེ་ཟོན་རོགས་སྐྱོབ་པའི་ལག་པ་རེད།

    ཚེས་7ཉིན་གྱི་ཕྱི་དྲོར། ས་བབ་སྨི་4100ཡན་ཟིན་པའི་དིང་རི་རྫོང་མཚོ་སྒང་ཤང་སྐྱིད་འོང་གྲོང་ཚོའི་ཁོ་ར་ཁོར་ཡུག་ཏུ་ཐལ་རྡུལ་གྱིས་ཁེངས་ཤིང་། གྱང་ཧྲུལ་དང་ཞིག་རོའི་ཁྲོད་གཟུགས་བརྙན་དམར་པོ་ཞིག་མཐོང་རྒྱུ་ཡོད།

    ལུས་ལ་མཚོན་རྟགས་རང་བཞིན་གྱི་རོགས་སྐྱོབ་གོས་གྱོན་པ་དང་མགོ་ལ་རྨོག་ཞྭ་དམར་པོ་གྱོན་པའི་གཏིང་སྐྱེས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་པ་ཝང་མིན་ཏིང་གིས་དཔུང་ཁག་དང་མཉམ་དུ་དུད་ཚང་རེ་རེ་བྱས་ནས་འཚོལ་སྐྱོབ་བྱེད་བཞིན་ཡོད་ཅིང་། དུད་ཚང་ཞིག་གི་སྒོ་རའི་གྱང་ཟུར་དུ་ལུས་པོ་ཐལ་རྡུལ་གྱིས་ཁེངས་པའི་རྒན་འཁོགས་ཤིག་འཁུམས་ནས་བསྡད་ཡོད་པ་མཐོང་།

    ཝང་མིན་ཏིང་གིས་དེ་མུར་མདུན་དུ་སོང་ནས་རྒན་རྒོན་སྐྱོར་ནས་སྐད་ཤུགས་ཆུང་ངུས་ཁོང་གི་གནས་ཚུལ་འདྲི་བཞིན“ད་དུང་ཡོམ་འཕྲོ་རྒྱག་སྲིད་པས་ང་ཚོས་ཁྱེད་རང་ཁྲིད་ཆོག ཡིན་ཅིག་བདེ་འཇགས་ལ་དོ་སྣང་བྱེད་དགོས”ཞེས་གཟབ་ནན་ངང་རྒན་རྒོན་བསྐྱོར་ནས་ཁྲིད།

    ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་མེ་ཟོན་རོགས་སྐྱོབ་པས་ལག་གཉིས་ལ་བརྟེན་ནས་ཞིག་རོ་སྔོག་པ་དང་སོ་ཕག་ལྕི་པོ་ཕྲག་ཏུ་ཁུར་ནས་ཚེ་སྲོག་གི་བགྲོད་ལམ་བཏོད་ཅིང་། ཁོང་ཚོས་འཐབ་ས་དང་པོར་བྱ་སྤྱོད་དངོས་དང་ལག་ཟུང་ལ་བརྟེན་ནས་ཉེན་གྱར་མང་ཚོགས་དེ་བས་མང་བ་སྐྱོབ་ཐབས་བྱེད་བཞིན་ཡོད།

    —— ལག་ཟུང་གཅིག་ནི་བཅིངས་འགྲོལ་དམག་མིའི་འཁྱགས་ནས་དམར་པོར་གྱུར་པའི་ལག་པ་རེད།

    ཚེས་8ཉིན་གྱི་ཆུ་ཚོད་6པར་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ཀྱི་གུར་ནང་གཉིད་ཁུག་ནས་བསྡད་ཡོད།

    གུར་གྱི་ཕྱི་རོལ་དུ་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཞིང་། ནམ་མ་ལངས་གོང་ནས་བོད་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་རོགས་སྐྱོབ་པ་ཚའོ་ཆིས་ཞོགས་ཟས་གྲ་སྒྲིག་བྱས་ཤིང་། ཁོང་གིས་ལག་པ་འཕུར་འཕུར་བྱེད་བཞིན“ཁ་ཉིན་གུར་ཕུབ་པ་དང་དེ་རིང་དུས་ཚོད་དམ་འཛིན་གྱིས་སྔོ་ཚལ་ཁ་ཤས་བཟོས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཆས་ཡག་པོ་ཟ་རྒྱུ་ཡོང་བ་བྱེད་རྩིས་ཡོད”ཅེས་བཤད།

    ཞོགས་པར་གྲམ་སོ་ཤང་གི་ཁང་ཕྱིའི་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་11ཟིན་མོད། འོན་ཀྱང་རོགས་སྐྱོབ་པ་ཚོ་བྲེལ་བས་ཁེངས་ཤིང་། ལ་ལས་ཚལ་བཏུབ་པ་དང་། ལ་ལས་སྒོ་ང་བཙོ་བ། ལ་ལས་ཤ་བཏུབ་པ་ལ་སོགས་ཡུད་ཙམ་ཞིག་ལ་ཐུག་པ་དང་ཀྲུ་མ་ཀྲུའུ་སྒོང་རྔོས་སོགས་བཟོས་ཟིན།

    གནོད་འཚེ་ཕོག་པའི་མང་ཚོགས་མལ་ལས་ལངས་རྗེས་ངོ་གདོང་བཀྲུས་ཏེ་གོ་རིམ་ལྡན་པའི་ངང་ཞོགས་ཟས་བླངས་པ་དང་། བུ་ཆུང་ཕུར་བུས་ལྟོ་ཆས་བཟའ་བཞིན་དུ“ཧ་ཅང་ཞིམ་པོ་འདུག”ཅེས་བཤད།

    ཞོགས་གང་ལས་ལ་བྲེལ་བའི་ཚའོ་ཆི་ཡི་ལག་ཟུང་ཞག་ཚིས་ཁེངས་པ་དང་ལྟོ་ཆས་བཟའ་བཞིན་པའི་མང་ཚོགས་ལ་ལྟ་བཞིན་ཁོང་གིས་པང་རས་ལ་ལག་པ་འཕྱིས་ཙམ་བྱས་ཏེ།“གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཆས་ཡག་པོ་ཟ་རྒྱུ་ཡོང་བ་བྱ་རྒྱུ་ནི་ང་ཚོའི་དོར་ཐབས་མེད་པའི་འོས་འགན་ཞིག་རེད”ཅེས་བློ་རྩ་བརྟན་པོས་བཤད།

    —— ལག་ཟུང་གཅིག་ནི་བོད་སྐྱོར་སྨན་པའི་ནད་བཅོས་སྲོག་སྐྱོབ་ཀྱི་ལག་པ་རེད།

    ཚེས་8ཉིན་གྱི་སྔ་དྲོ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་པེ་ཅིང་ཞེ་ཧོ་སྨན་ཁང་གི་བོད་སྐྱོར་སྨན་པ་ཚའེ་སི་དབྱིས་Xགློག་པར་ཞིག་ལ་ཞིབ་མོར་ལྟ་བཞིན་ཡོད་ཅིང་། ཁ་ཉིན་དགོང་མོ་དིང་རི་རྫོང་མཚོ་སྒང་ཤང་སྐྱིད་ལྡིང་གྲོང་ཚོའི་རྨས་མ་བདེ་སྐྱིད(འགྱུར་མིང)དེ་གར་བསྐྱལ་བ་རེད།

    “སྐེད་ཚིགས་ཆག་འདུག་པས་མགྱོགས་མྱུར་གཤགས་བཅོས་བྱེད་དགོས་འདུག”ཅེས་ཤོད་བཞིན་ཚའེ་སི་དབྱིས་དེ་མུར་Xགློག་པར་མར་བཞག་ནས་གཤགས་བཅོས་ཀྱི་ལག་ཆ་དང་སྒྲིག་ཆས་བཙལ་ཏེ། གཤགས་བཅོས་གོང་གི་གྲ་སྒྲིག་ཨང་བསར་བྱས།

    “རྨས་མའི་རུས་པ་ཆག་ཚབས་ཆེ་བས་ཕལ་ཆེར་སྐེད་པར་ཀ་གདུང་སོགས་ཕོག་པ་འདྲ། ད་ལྟ་སྒལ་རུས་རྦད་དེ་ཆག་འདུག” ཚའེ་སི་དབྱིས་གཤགས་བཅོས་ཁང་དུ་འགྲོ་གིན་སྨན་གཡོག་ལ་ཞིབ་ཕྲའི་དོན་དག་མངག་བྱ་བྱས། གཤཌ་བཅོས་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་བྱས་རྗེས་བདེ་སྐྱིད་དྲན་པ་སོས་པ་དང་ལུས་སྨད་འགུལ་ཚུལ་ཡག་ཏུ་སོང་ཡོད།

    གཤགས་བཅོས་ཚར་རྗེས་ཚའེ་སི་དབྱི་གཞི་ནས་ལྷོད་ལ་བབས་པ་དང་། ཁོང་གིས“མི་སེར་ཚོས་རེ་བ་ཚང་མ་ངེད་ཚོར་བཅོལ་ཡོད་པས་ཧོལ་རྒྱུག་ཤོར་ན་ག་ལ་འགྲིག”ཅེས་བཤད།

    —— ལག་ཟུང་གཅིག་ནི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་ལག་པ་རེད།

    ཚེས་8ཉིན་གྱི་ཆུ་ཚོད་16ཙམ་ལ་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ད་དུང་ཉི་མ་དྲོ་སོབ་སོབ་ཡོད།

    གནས་སྤོ་བཀོད་སྒྲིག་བྱས་པའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལ་ཉི་མ་སྲོ་བཞིན་ཡོད་པ་དང་། ལ་ལ་བང་བསྒྲིགས་ནས་དངོས་ཟོག་ལེན་བཞིན་ཡོད་པ། བྱིས་པ་ཚོ་ས་སྟོང་དུ་རྩེད་མོ་རྩེ་བཞིན་ཡོད་པ་སོགས་མཐའ་དག་གོ་རིམ་ལྡན་པ་ཞིག་ཡོད། ལོ་55ལ་སླེབས་པའི་སངས་རྒྱས་གུར་གྱི་མདུན་དུ་ངལ་གསོ་བཞིན“ཁ་སང་དགོང་མོ་ང་ཚོ་གུར་ནང་བསྡད་པ་ཡིན། གཉིད་ཡག་པོ་ཁུག་བྱུང”ཞེས་བཤད། ས་གནས་དེ་གའི་དངོས་ཟོག་བགོ་བཤའ་རྒྱག་མཁན་ཏང་ཡོན་དང་ལས་བྱེད་པས་གསར་དུ་འབྱོར་བའི་ལྕགས་ཐབ་སངས་རྒྱས་སྡོད་སའི་གུར་དུ་སྐྱེལ་བཞིན་ཡོད།

    སངས་རྒྱས་ཀྱིས་ལྕགས་ཐབ་སྐྱེལ་མཁན་གྱི་ཏང་ཡོན་དང་ལས་བྱེད་པར་ལག་པ་གཡུག་གཡུག་བྱེད་བཞིན“དོ་དགོང་དེ་བས་དྲོ་རུ་འགྲོ་ངེས་རེད། ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རོགས་སྐྱོབ་མི་སྣས་ང་ཚོ་ནང་མི་ཚང་མ་བསྐྱབས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    དེ་ལྟར་བཤད་རྗེས་སངས་རྒྱས་ཀྱིས་ཐལ་མོ་སྙིང་གར་སྦྱར་ནས“ཏང་དང་སྲིད་གཞུང་གིས་ང་ཚོ་དེ་བས་དྲོ་སྐྱིད་དང་དེ་བས་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་དུ་འཇུག་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།