ཀྲུང་དབྱང་ནས་ཏང་དངུལ་སྒོར་ཁྲི་5000ས་ཡོམ་བརྒྱབ་ཁུལ་དུ་སྤྲད་འདུག
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གེགས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ། མང་ཚོགས་བཅས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་མཚོན་ཆེད། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་བོད་ལ་སྒོར་ཁྲི་5000སྤྲད་དེ་ཡོམ་འགོག་གེགས་སེལ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།
ཀྲུང་དབྱང་རྩ་འཛུགས་པུས་ནན་བཤད་བྱས་དོན། ཏང་དངུལ་འདི་དུས་ཐོག་ཏུ་གེགས་ཁུལ་གྱི་གཞི་རིམ་ལ་སྤྲད་དེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས་ཤིང་། གཙོ་བོ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་གྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེ་ཚབས་ཆེན་ཕོག་ནས་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ། ས་ཡོམ་གྱི་གཏོར་སྐྱོན་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོར་ཁ་གསབ་སྤྲོད་པ་བཅས་ཀྱི་ཐད་ལ་སྤྱོད་དགོས།