རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་ནས།
རྒྱ་ཆེའི་ཏང་ཡོན་ཚོས་ཡོམ་འགོག་གེགས་སེལ་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བྱས་པ།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་ཐོག་ཏུ་ཛ་དྲག་བརྡ་ཐོ་བཏང་ནས། རིམ་ཁག་ཏང་རྩ་འཛུགས་དང་ལྷག་པར་དུ་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མྱུར་དུ་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱས་ཏེ་ས་ཡོམ་གེགས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
བརྡ་ཐོའི་ནང་ནན་བཤད་བྱས་དོན། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་གི་དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་དགོས། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་སྟོབས་ཤུགས་དུས་ཐོག་ཏུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ཡོམ་འགོག་གེགས་སེལ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག(རོགས་སྐྱོབ་རུ་ཁག)གམ་ཡང་ན་ཉེན་སྐྱོབ་ཚོགས་ཆུང་བཙུགས་ནས་ནུས་ཤུགས་ཡོད་རྒུས་གེགས་ཁུལ་ལ་རོགས་སྐྱོར་དང་ཡོམ་འགོག་གེགས་སེལ་ཡག་པོ་བྱེད་དགོས། ས་ཡོམ་གྱི་གེགས་ཁུལ་དང་ཐག་ཉེ་བའི་རྫོང་གིས་རང་འགུལ་ངང་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱས་ཏེ་དགོས་མཁོར་གཞིགས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གེགས་ཁུལ་དུ་འཕྲལ་དུ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་གནས་བརྟན་སྲུང་གིས་གེགས་ཁུལ་དུ་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པ་དང་ཆབས་ཅིག་རང་འཁྲིའི་ལས་དོན་ཏན་ཏིག་དང་ལེགས་པར་སྒྲུབ་དགོས།
བརྡ་ཐོའི་ནང་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་རྩ་འཛུགས་སྡེ་ཚན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་བསྒྲུབས་ནས་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་ལས་བྱེད་པར་ཞིབ་བཤེར་རྟོག་ཞིབ་དང་རྟོགས་པར་བྱེད་པ་དང་། ཡོམ་འགོག་གེགས་སེལ་ཁྲོད་འགོ་ཁྲིད་ལས་བྱེད་པའི་ལས་དོན་སྒྲུབ་ཚུལ་དངོས་རྟོག་ཞིབ་བྱ་ཡུལ་ལས་བྱེད་པ་ཤེས་རྟོགས་དང་ངོས་འཛིན་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།