ཡག་ཐོག་ཡག་བརྩེགས་ཀྱིས་ཤེས་དཔལ་དཔྱད་གཞིར་འཛིན་པའི་སྐུལ་འདེད་པ་ཞིག་བྱེད་དགོས།
འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ལོ་གསར་ཤིས་ཚིག་ནང་། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཤེས་དཔལ་དཔྱད་གཞིར་འཛིན་པའི་སྐུལ་འདེད་པ་ཞིག་བྱས་ནས། ཤེས་དཔལ་མི་འདྲ་བ་དང་མཐུན་འགྲོགས་མཉམ་གནས་ལ་སྐུལ་འདེད་གཏོང་བའི་བློ་གྲོས་དང་མིག་རྒྱང་མངོན་པར་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་དང་འགན་འཁྲི་མངོན་པར་བྱ་འདོད་ཡོད་ཚུལ་བསྐྱར་དུ་གསལ་སྟོན་གནང་ཡོད།
འཛམ་གླིང་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་གསར་པར་སླེབས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། དེའི་འབྱུང་རྩ་ནི་ཤེས་དཔལ་མི་འདྲ་བས་ཞི་མཐུན་མཉམ་གནས་དང་མཐུན་འགྲོགས་མཉམ་གནས་ཇི་ལྟར་ཡོང་བར་བྱ་རྒྱུའི་གནད་དོན་ལྡན་ཡོད། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། དམངས་འདོད་རིང་ལུགས་ཀྱི་བསམ་པའི་རླབས་རྒྱུན་ཟམ་མི་ཆད་པར་ཐོན་པ་དང་། རིག་གནས་དང་ཤེས་དཔལ་གྱི་མཐུན་མིན་ཁྱད་པར་ལས་བྱུང་བའི་རྩོད་གཞི་ཉིན་བཞིན་མང་དུ་འགྲོ་བའི་མདུན་དུ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་ནི། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལ་བརྟེན་ནས་བྱུང་བའི་རྣམ་དཔྱོད་ལྡན་པའི་གདམ་ག་ཞིག་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངོ་ཞུགས་འབད་འཐབ་ཀྱིས་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་ལ་ཤུགས་སྣོན་དང་ཤེས་རྟོགས་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས། ཤེས་དཔལ་མི་འདྲ་བའི་འཛམ་གླིང་འདི་ཉིད་ཀྲུང་གོའི་གཟི་ཚ་སྡེ་དགུའི་ཚོན་མདོག་ལྔ་སྣའི་རྫིང་བུ་དང་ཕེ་རུའི་མ་ལ་སིའི་སྐས་ཞིང་བཞིན་མཚོན་མདོག་རྣམ་པར་བཀྲ་ཞིང་རྣམ་པ་མི་གཅིག་ཀྱང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡོང་གང་ཐུབ་གནང་གི་ཡོད། ཨ་རིའི་གྲོགས་པོ་ཞིག་ལ་འཕྲིན་ལན་སྤྲིངས་པའི་ནང་། ཁོང་གིས“ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བརྟེན་དགོས”ཞེས་རྒྱས་བཤད་གནང་ཡོད་ལ། འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང་། “ཤེས་དཔལ་མི་འདྲ་བའི་ཁྲོད་ནས་བློ་འགོ་འབྱེད་པ་དང་འཚོ་བཅུད་ལེན་པར་མཐོང་ཆེན་བྱེད་དགོས”པའི་ནན་བཤད་གནང་ཡོད། འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་ལམ་སྲོལ་མཉམ་ལས་ཀྱི་འཆར་གཞི་འགོད་སྐབས། སྔ་བར་ཕྱི་གསུམ་དུ་མི་ཆོས་རིག་གནས་སྤེལ་རེས་ཐད་བགྲོ་གླེང་བྱེད་པར་མཐོང་ཆེན་སོགས་རྒྱས་བཤད་གཏིང་ཟབ་རེ་རེ་དང་འཆར་བཀོད་ཁྲིད་སྟོན་རེ་རེ་ལས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྒུལ་ཤུགས་བསྣན་པ་མ་ཟད། རྒྱལ་ཁབ་དང་རྒྱལ་ཁབ་དབར་ཕན་ཚུན་འབྲེལ་འདྲིས་ཇི་ལྟར་བྱེད་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ཇི་ལྟར་གཅོག་པ་སོགས་ཀྱི་དཀའ་གནད་ལ་རྣམ་དཔྱོད་ལྡན་པའི་ལན་བཏབ་གནང་ཡོད།
2024ལོའི་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལི་གཡོད་རེ་ནེ་ལུའི་དབུ་ཚོགས་ཐོག་ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་གྲུབ་འབྲས་ལྡན་པའི་རྒྱལ་ཁ་བླངས་པའི་གཏམ་རྒྱུད་བརྗོད་གནང་ཞིང་། གྲོང་ཚོ་དང་། དུད་ཚང་། མི་བཅས་སོ་སོར་གཞིགས་ནས་ཐབས་ཇུས་ལག་ལེན་བསྟར་ཏེ་དབུལ་པོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་། ཡུལ་བབ་དང་བསྟུན་ནས“རང་བརྟེན”གྱི་བྱེད་ནུས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་བ། དར་རྒྱས་ཆེ་བའི་ས་ཁུལ་གྱིས་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་དང“ཆ་སྒྲིག”རོགས་སྐྱོར་བྱས་པ་སོགས་ཀྱི་ཀྲུང་གོའི་ཉམས་མྱོང་ལ་ཚང་མའི་མཐོང་ཆེན་རྒྱ་ཁྱབ་ཏུ་ཐོབ་ཡོད། པར་ཙིར་གྱི་སྲིད་འཛིན་ལུའུ་ལ་ཡིས“ཀྲུང་གོ་ནི་སྐྱེ་བོ་ཀུན་ལ་བག་ཆགས་ཟབ་མོ་འཇོག་པའི་འཕེལ་རྒྱས་ཀྱི་མིག་དཔེ་སྟོན་མཁན་ཞིག་རེད”ཅེས་བཤད།
དབུལ་པོ་ཉུང་གཏོང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བར་དང་། མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བ་ནས་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་བྱེད་པའི་བར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་དེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྤྱི་པའི་ཐོན་རྫས་ཤིག་ཏུ་འགྱུར་བཞིན་ཡོད། ཀྲུང་ཧྥེ་དབར་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་ཆེན་པོ་བཅུའི་བྱ་སྤྱོད་ནི་ཤེས་དཔལ་དཔྱད་གཞིར་འཛིན་པའི་རོགས་ཟླའི་བྱ་སྤྱོད་ཅིག་ཡིན་པ་དེས། ཕྱོགས་གཉིས་པོས་མཉམ་དུ་ཀྲུང་ཧྥེ་དབར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཀྱི་ལས་སྟེགས་ཤིག་བཏོད་ཡོད།