ཉིན་གསར་པར་སྔར་མུས་བཞིན་བཀོད་སྒྲིག་ལས་ལ་གཞོལ།
བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་ཉིན་གཉིས་པའི་མཐོང་ཐོས།
འདི་ནི་དིང་རི་རྫོང་གྲམ་སོ་ཤང་ཟིང་དཀར་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་ས་ཚིགས་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཝུའུ་ཅུན་གྱིས་པར་བརྒྱབ།
འདི་ནི་ཟླ་1ཚེས་7ཉིན། དིང་རི་རྫོང་མགུ་རིང་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་བཅིངས་འགྲོལ་དམག་མིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁ་ལག་བཟོ་བཞིན་པ།
ཚེས་8ཉིན། བོད་རང་སྐྱོང་ལྗོངས་དིང་རི་རྫོང་གི་མི་རྣམས་ཡོམ་འཕྲོ་དང་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་16ཟིན་པའི་གྲང་ངར་ཁྲོད་མལ་ལས་ལངས་ནས་ཉིན་གཉིས་པའི་ཡོམ་འགོག་གེགས་སེལ་གྱི་ལས་ལ་ཞུགས།
མིག་སྔར། ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་4.65གནས་སྤོས་བཀོད་སྒྲིག་བྱས་པ་དང་། རོགས་སྐྱོབ་འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད།
ཆུ་ཚོད་3དང་སྐར་མ་37ཙམ་ལ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་མཚོ་སྒང་ཤང་དང་། གྲམ་སོ་ཤང་། ཆུ་ལྷོ་ཤང་བཅས་ཤང་སྲིད་གཞུང་གསུམ་གྱི་གློག་ཤུགས་སླར་གསོ་ཐུབ་པ་དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ཉིན་མཚན་བསྟུད་མར་འཕྲལ་སྡོམ་མྱུར་བཟོ་བྱས་པ་བརྒྱུད་དིང་རི་རྫོང་གི་བཀོད་སྒྲིག་བྱ་ཡུལ་8ལ་གཅིག་རྗེས་གཉིས་མཐུད་ངང་གློག་ཤུགས་འགན་ལེན་ཐུབ་ཡོད།
ཞོགས་པ་སྔ་པོ་ནས་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་བཅའ་སྡོད་དཔུང་སྡེའི་འཐབ་འཛིང་པ་ཚོས་མང་ཚོགས་ལ་འབྲས་ཐུག་ཚ་པོ་དང་། སྒོ་ང་། སྒ་སྨུག་་ཐང་བཅས་སྤྲོད་བཞིན་འདུག
“འདི་མདང་ནུབ་ནས་གྲ་སྒྲིག་བྱས་པ་ཡིན། འདི་བཏུངས་རྗེས་མང་ཚོགས་ཚོའི་གཟུགས་པོ་དྲོ་སོབ་སོབ་ཡོང་ཐུབ”དཔུང་སྡེ་དེའི་ཡིང་ཀྲང་སྐལ་བཟང་གིས“མདང་དགོང་གཉིད་ཡག་པོ་ཁུག་མ་བྱུང་། ཡིན་ནའང་ནམ་ལངས་རྗེས་ཉིན་གསར་པ་ཞིག་རེད”ཅེས་བཤད།
ཡོམ་ལྟེའི་ཉེ་འཁོར་གྱི་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་ཁང་པ་མང་ཆེ་བར་གཏོར་སྐྱོན་ཚབས་ཆེན་ཕོག་མོད། ད་ཆ་དུད་ཚང་76གི་མང་ཚོགས་386ཚང་མ་བཀོད་སྒྲིག་ཐུབ་ཡོད། “གེགས་སེལ་སྟོབས་ཤུགས་དུས་ཐོག་ཏུ་འབྱོར་ནས་ང་ཚོའི་འཚོ་བར་བཀོད་སྒྲིག་ཡག་པོ་བྱས་བྱུང”ཞེས་གེགས་སེལ་གྱི་གུར་ནང་སྡོད་པའི་ཡུལ་མི་སྒྲོལ་དཀར་གྱིས་བཤད།
མིག་སྔར། ཁག་དང་པོའི་གུར་དང་། སྲིང་བལ་གྱོན་གོས། མལ་ཆས་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་5800ལྷག་ཙམ་གེགས་ཁུལ་དུ་དབོར་ཟིན་པ་དང་། དེ་མིན་གྱི་ཁྲི་1.6ལྷག་ཙམ་ཡང་དེ་རིང་དབོར་ཐུབ་ཀྱི་ཡོད།
ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་གྲོང་ཚོ་ཁག་གི་བཀོད་སྒྲིག་བྱ་ཡུལ་དུ་དུག་སེལ་དང་སྨན་རྫས་མཁོ་སྤྲོད་བྱེད་བཞིན་ཡོད། “གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་བྱ་ཡུལ་གཅིག་སྡུད་ཡིན་པ་མ་ཟད། དགུན་དུས་ཆམ་རིམས་ཀྱང་ཕོག་སླ་པོ་ཡོད། དུག་སེལ་བྱེད་པ་དང་སྨན་སྤྲོད་པ་ཕུད་ང་ཚོས་ད་དུང་མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་ཡང་དྲིལ་བསྒྲགས་བྱེད་ཀྱི་ཡོད”ཅེས་མཚོ་སྒང་ཤང་འཕྲོད་བསྟེན་ཁང་གི་ལས་དོན་པ་སྦྱིན་པ་ཆོས་སྒྲོན་གྱིས་བཤད།
ཉིན་གུང་། ལྷ་ས་ནས་ཡོང་བའི་སྤྱི་ཚོགས་རྩ་འཛུགས་ཏེ་བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ཡེ་བྱང་གྲོང་ཚོར་སྲིང་བལ་གྱོན་ཆས་དང་སྲིང་བལ་མལ་ཆས་ཁག་གཅིག་བསྐྱལ་བ་དང་གྲོང་ཚོའི་ཕྲུ་གུ་ཚོར་བྱེ་རིལ་ཡང་ཁྱེར་འདུག སྤྱི་ཚོགས་རྩ་འཛུགས་དེས་ནམ་རྒྱུན་ཉམ་ཐག་བྱིས་པ་དང་ཁེར་སྡོད་རྒན་རྒོན་ལ་ཞབས་འདེགས་ཞུ་ཡི་ཡོད། ལས་དོན་པ་བསོད་དབང་བསྟན་འཛིན་གྱིས། གེགས་ཁུལ་དུ་ཡོང་ནས་བྱིས་པ་ཚོ་གནོད་འཚེའི་འཇིགས་སྣང་ལས་གྲོལ་རོགས་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།
“ཡིན་ནའང་འདི་གར་ཡོད་པའི་ཕྲུ་གུ་ཚོར་སྐྱོན་ཆེན་པོ་མི་འདུག་པས། སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བསོད་དབང་བསྟན་འཛིན་གྱིས་བཤད།
ཡེ་བྱང་གྲོང་ཚོར་ཕྲུ་གུ་90ཡོད་ཅིང་། བཀོད་སྒྲིག་བྱ་ཡུལ་དུ་ཁོང་ཚོས་ས་སྟོང་དུ་རྐང་རྩེད་སྤོ་ལོ་རྒྱག་པ་དང་། རྒྱུག་ཤར་གློད་པ། མེ་ཟོན་རོགས་སྐྱོབ་པ་དང་མཉམ་དུ་རྩེད་མོར་རོལ་བ་བཅས་བྱེད་ཀྱི་འདུག
བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་ས་ཚུགས་གསུམ་པའི་ཀྲན་ཀྲང་གཞོན་པ་དང་བཀོད་འདོམས་པ་བཀྲ་ཤིས་ཆོས་འཕེལ་གྱིས“ཁ་ས་ནས་ང་ཚོས་དེ་གར་གུར་ཕུབ་པ་དང་དངོས་ཟོག་དབོར་བས་ཕྲུ་གུ་ཚོས་ང་ཚོ་ངོ་ཤེས་ཀྱི་འདུག ས་ཡོམ་བརྒྱབ་མ་ཐག་མང་ཚོགས་མང་པོས་སེམས་ཁྲལ་ཆེན་པོ་བྱེད་རུང་ནམ་ལངས་རྗེས་ཚང་མའི་སེམས་ལྷོད་ལ་བབས་འདུག”ཅེས་བཤད།