དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྱོགས་བཞི་མཚམས་བརྒྱད་ནས་གེགས་ཁུལ་ལ་རོགས་སྐྱོར་བྱེད། ཀུན་སེམས་གཅིག་ཏུ་བསྒྲིལ་ནས་དཀའ་ངལ་མཉམ་དུ་སེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    འདི་ནི་ཟླ་1ཚེས་8ཉིན། དིང་རི་རྫོང་མི་དམངས་སྲིད་གཞུང་གི་རོགས་སྐྱོབ་དངོས་ཟོག་འཇོག་ཡུལ་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་རོགས་སྐྱོབ་དངོས་ཟོག་དབོར་བཞིན་པ།

    ས་ཡོམ་བརྒྱབ་རྗེས། ཕྱོགས་ཁག་གི་སྟོབས་ཤུགས་མྱུར་བར་གཅིག་ཏུ་བསྒྲིལ་ཡོད། རོགས་སྐྱོབ་དཔུང་ཁག་ཉིན་མཚན་བསྟུད་མར་གེགས་ཁུལ་དུ་བསྐྱོད་ནས། དུས་ཚོད་དམ་འཛིན་གྱིས་ཚེ་སྲོག་འཚོལ་སྐྱོབ་བྱས་པ་དང་ལྗོངས་ཕྱི་ནང་གི་རོགས་སྐྱོར་དངོས་ཟོག་རྒྱུན་ཆད་མེད་པར་གེགས་ཁུལ་དུ་འབྱོར་ནས་དེ་གའི་མང་ཚོགས་ཚོར་གཅེས་སེམས་ཚོར་ཡོད།

    རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚེས་7ཉིན་གྱི་ཆུ་ཚོད་21དང་སྐར་མ་50ལ་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་ནས་རིམ་པ་དང་པོར་སྤར་ཏེ་རྒྱལ་ལམ་G4218དང་། G318 G219སོགས་གཞུང་ལམ་ཨ་མ་ཤར་གཏོང་ཐུབ་པའི་ལས་དོན་ཡག་པོ་སྤེལ་ནས་གེགས་སེལ་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔར་དིང་རི་རྫོང་གི་གཏོར་སྐྱོན་ཕོག་པའི་ལམ་བུ་ཚང་མ་ཤར་གཏོང་ཐུབ་ཡོད།

    གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་སྔོན་ལ་སྒོར་ཁྲི་50བཏང་ནས་རྡོ་སོལ་ཏུན་70དང་། ཐབ་ཆས་90 སྲིང་བལ་ཕོ་ཁེབས་1025 དྲོད་སྲུང་གྱོན་ཆས་1300སོགས་དངོས་ཟོག་ཉོས་ནས་མཚན་དེ་རང་ལ་དིང་རིའི་ས་ཡོམ་གྱི་གེགས་ཁུལ་དུ་བསྐྱལ་ཡོད།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོང་ཁྱེར(ས་ཁུལ)དང་རྫོང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་གེགས་སེལ་ནང་ཞུགས་པ་དང་། ས་ཡོམ་གྱི་གནོད་འཚེའི་འཕྲལ་སྡོམ་རིམ་པ་གཉིས་པ་དང་ལེན་བྱེད་འགོ་བཙུགས་ཏེ་ལྗོངས་ནང་ཁུལ་གྱི་ཨར་སྐྲུན་ཁེ་ལས་སྐུལ་སློང་བྱས་ནས་སྤོ་བདེའི་ཁང་པ་1234གྲབས་གསོག་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་དུས་ཚོད་མགྱོགས་ཤོས་དང་ལས་ཕྱོད་ཆེ་ཤོས་ཀྱི་ཐོག་ནས་སྲིང་བལ་གུར་དང་། སྲིང་བལ་ཕོ་ཁེབས། སྲིང་བལ་གྱོན་གོས། ལྟེབ་ཁྲི། ཚགས་ཤ། ཕག་ཀྲིན། འབྲས། སྟབས་བདེའི་ཐུག་པ་སོགས་གེགས་སེལ་དངོས་ཟོག་ཁྱོན་ཁྲི་གཅིག་ལྷག་ཙམ་བླུགས་པའི་རླངས་འཁོར་ལྔ་ཛ་དྲག་ངང་གཏོང་འདྲེན་བྱས་པ་མ་ཟད། ཟླ་1ཚེས་7ཉིན་གྱི་མཚན་མོ་རླངས་འཁོར་བསྟུད་མར་བཏང་ནས་དིང་རི་རྫོང་དུ་ཐོན་པ་དང་ཚེས་8ཉིན་གེགས་སེལ་དངོས་ཟོག་ཚང་མ་འབྱོར་ནས་དེ་ཉིན་གྱི་ཆུ་ཚོད་11ཐོག་དངོས་ཟོག་རྩིས་སྤྲད་རྗེས་ས་གནས་ས་ཐོག་གི་མི་སྣས་དངོས་ཟོག་རྩིས་བཤེར་ཟིན་བཀོད་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་གེགས་སེལ་དངོས་ཟོག་སྐྱེལ་འདྲེན་དང་གཏོང་སྤྲོད་བྱས་ཏེ། རླངས་འཁོར་35དང་ཁ་ལོ་བ་དང་ཁང་པའི་སྤུས་ཚད་བདེ་འཇགས་ཀྱི་ཞིབ་དཔྱད་ཚད་ལེན་ལག་རྩལ་དཔུང་ཁག་སོགས་མི་59བཏང་བ་རེད། གེགས་སེལ་དངོས་ཟོག་གཙོ་བོ་སྔོ་ཚལ་དང་། ཤིང་ཏོག ཤ་རིགས་སོགས་བཟའ་བཅའ་དང་། གུར་དང་། སྲིང་བལ་གྱོན་གོས། སྲིང་བལ་ཕོ་ཁེབས། ཀམ་པ་ལི། གྲང་འགོག་ལྷམ། སྨན་བཅོས་ཡོ་བྱད་སོགས་ཚུད་ཡོད་པར་བསྡོམས་རིན་ཐང་སྒོར་ཁྲི་815ལྷག་ཙམ་ཟིན་པ་དེ་དག་ཚང་མ་གེགས་ཁུལ་མང་ཚོགས་ཀྱི་འཚོ་བ་དང་རྨས་མ་སྐྱོབ་བཅོས་བྱེད་པའི་འཕྲལ་མཁོ་ཆེ་བའི་དངོས་ཟོག་ཡིན་པ་རེད།

    ཟླ་1ཚེས་8ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཐོན་ཁུངས་སྤྱི་འདོམས་བྱས་པ་དང་། མཁོ་སྤྲོད་ཐབས་ལམ་སྣ་ཚོགས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རྩམ་པ་དང་། སྟབས་བདེའི་ཐུག་པ། འོ་མ། ཕག་ཀྲིན། བྱིས་པའི་གྱོན་ཆས་སོགས་སྒོར་ཁྲི་100ལྷག་ཙམ་རི་བའི་འཚོ་བའི་མཁོ་ཆས་འཕྲལ་དུ་ཉོ་སྒྲུབ་བྱས་པ་མ་ཟད། གྲོང་ཁྱེར་རིམ་པའི་གེགས་སེལ་དངོས་རྫས་ཁྲོད་ནས་སྒོར་ཁྲི་26ལྷག་ཙམ་རི་བའི་འཕྲལ་སྡོམ་གུར་20དང་། སྲིང་བལ་ཕོ་ཁེབས་1000 སྲིང་བལ་མལ་གདན་780བཅས་བཀོད་སྒྲིག་བྱས་པ་རེད། ལྷོ་ཁར(སྣེ་གདོང)བཅའ་སྡོད་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཡན་ལག་རུ་ཁག་གིས་མི་40ཡི་རོགས་སྐྱོབ་དཔུང་ཁག་མངགས་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་རོགས་སྐྱོབ་པ་སྒྲིག་འཛུགས་དང་དངོས་ཟོག་གཏོང་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད་རོགས་སྐྱོབ་ཀྱི་གྲ་སྒྲིག་ཡག་པོ་བྱས་ཏེ། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་མི་165དང་རླངས་འཁོར་25སྒྲིག་འཛུགས་བྱས་ཏེ་སྒྲིག་ཆས་400ལྷག་ཙམ་འཁྱེར་ནས་དིང་རི་རྫོང་དུ་ཐོན་པ་དང་། ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་དུས་ཐོག་ཏུ་གེགས་སེལ་དངོས་ཟོག་རྩིས་བཤེར་བྱས་ནས་ཡོམ་ཁུལ་དུ་སྐྱེལ་རྒྱུའི་གྲ་སྒྲིག་ཨང་བསར་བྱས་པ། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བཀོད་འཐབ་པ་83དང་། རླངས་འཁོར་22 འཚོལ་སྐྱོབ་ཁྱི་4བཅས་དང་། བཤིག་གཏོར་དང་། སྲོག་སྐྱོབ། མྱུལ་དཔྱད་སོགས་ཀྱི་སྒྲིག་ཆས་ཆ་ཚང་2283བསྡུ་རུབ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་བཞིན་ཡོད་པ་རེད།

    རྒྱལ་ཁབ་གློག་ཤུགས་མ་འཇོག་བོད་ལྗོངས་ཀུང་སིས་ས་གནས་ས་ཐོག་གི་ཉེན་སེལ་རོགས་སྐྱོབ་དཔུང་ཁག་བཙུགས་ནས་རྐོ་འདྲུའི་འཕྲུལ་འཁོར་སོགས་རོགས་སྐྱོབ་འཕྲུལ་ཆས་10ལྷག་ཙམ་གྲ་སྒྲིག་བྱས་པ་དང་། གུར་དང་། གློག་འདོན་འཕྲུལ་འཁོར། སྲིང་བལ་ཕོ་ཁེབས་སོགས་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་2000ལྷག་ཙམ་ཉོས་ཏེ་ཡོམ་ལྟེར་བསྐྱོད་ནས་ཉེན་སེལ་རོགས་སྐྱོབ་བྱས་པ་རེད། དེ་དང་ཆབས་ཅིག་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ཉེན་སེལ་རུ་ཁག་བཙུགས་ནས་ཀུང་སིའི་ཁོངས་གཏོགས་གཏིང་སྐྱེས་རྫོང་སོགས་འོད་ཤུགས་གློག་ཁང་དུ་སྒྲིག་བཀོད་སྒྲིག་ཆས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་གློག་ཤུགས་མཁོ་སྤྲོད་འགན་ལེན་ལས་དོན་སྤེལ་བ་རེད།

    བོད་ལྗོངས་སྦྲག་སྲིད་ཡན་ལག་ཀུང་སིས་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཁུལ་ཡན་ལག་དངུལ་ཁང་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་དང་། དེ་བཞིན་དིང་རི་རྫོང་དང་ལྷ་རྩེ་རྫོང་ལ་ཞལ་འདེབས་ཕུལ་ཡོད། སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཁུལ་ཡན་ལག་དངུལ་ཁང་གི་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་ལྷ་ས་ནས་དིང་རི་རྫོང་དུ་བསྐྱོད་དེ། ཡོམ་ཁུལ་མི་སེར་གྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོར་འགན་ལེན་བྱས་ཡོད།

    ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་སྣུམ་འཕྲུལ་གློག་འདོན་རླངས་འཁོར་དང་། སྲུང་སྐར་ཁ་པར། གཞི་གཅིག་ཅན་གྱི་ནུས་རྒྱུའི་སྒམ་སོགས་འཕྲལ་སྡོམ་ཉེན་སེལ་ལས་གྲྭའི་དངོས་ཟོག་དང་། དེ་བཞིན་སྲིང་བལ་ཕོ་ཁེབས་དང་། གུར། འཕྲལ་སྡོམ་གློག་སྒྲོན་སོགས་འཕྲལ་སྡོམ་འགན་ལེན་དངོས་ཟོག་འཕྲལ་དུ་བཀོད་གཏོང་གིས་ཡོམ་ལྟེའི་གེགས་ཁུལ་དུ་དབོར་བ་དང་འབྲེལ། “མི་མེད་གནམ་གྲུའི”བར་སྣང་སྦྲེལ་ཚུགས་མངགས་ནས། ས་ཡོམ་གེགས་ཁུལ་དུ་དུས་ཐོག་དང་བློས་འགེལ་ཆོག་པའི་འཕྲིན་གཏོང་ཞབས་འདེགས་ཞུས་ཏེ། སྤྱོད་མཁན་ལ་ཆུ་ཚོད་24རྒྱུན་ཆད་མེད་པར་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་བྱས་ཡོད།

    བརྩེ་སེམས་ཕྱོགས་བཞི་མཚམས་བརྒྱད་ནས་འདུས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དྲོ་སྐྱིད་སྟོབས་ཤུགས་མཉམ་དུ་འདོན། ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་གཞིས་རྩེའི་གེགས་ཁུལ་ལ་སྒོར་ཁྲི་2000ཞལ་འདེབས་བརྒྱབ་པ་དང་། མོས་འདེམས་ཀུང་སིས་སྲིད་གཞུང་སྡེ་ཚན་དང་སྤྱི་ཕན་སྒྲིག་གཞི་དང་མཉམ་དུ་དངོས་ཟོག་དང་སྨན་རྫས་སོགས་འབོར་ཆེན་ཉོས་ཏེ་གེགས་ཁུལ་ལ་རོགས་སྐྱོར་བྱས་པ། ཅི་ལི་མ་རྐང་ཚོད་འཛིན་ཚོགས་པས་ལི་ཧྲུའུ་ཕུའུ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པར་སྒོར་ཁྲི་1000ཞལ་འདེབས་བརྒྱབ་པ། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་ཏང་ཨུད་དང་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་སྒྲིག་འཛུགས་བྱས་ནས། མིག་སྔའི་བར། སྒོར་ཁྲི་555རི་བའི་དགེ་སྒྲུབ་དངུལ་དང་དངོས་ཟོག་བསྡུ་རུབ་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།