རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་བརྡ་ཐོ་བཀྲམ་པ།
དམངས་སྲིད་ཁྱབ་ཁོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
ཉེ་དུས། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དམངས་སྲིད་ཁྱབ་ཁོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཀྲམ་ནས། དམངས་སྲིད་ཁྱབ་ཁོངས་ཀྱི་གནོད་འཚེ་ཕོག་ཚུལ་ལ་སྔར་བས་གྲལ་བཤེར་བྱེད་པ་དང་། རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཡོམ་འགོག་གེགས་སེལ་ནང་གོ་རིམ་ལྡན་པའི་ངང་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱེད་པ་སོགས་ཀྱི་ལས་དོན་ཁ་གསལ་བཟོས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱེད་དགོས།
《བརྡ་ཐོའི》ནང་བླང་བྱ་བཏོན་དོན། རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་། བྱིས་པའི་ཕན་བདེའི་སྒྲིག་གཞི། ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་སྒྲིག་གཞི། པུར་སྐྱེལ་དུར་སྦེད་ཀྱི་ཞབས་ཞུའི་སྒྲིག་གཞི། སེམས་ཁམས་འཕྲོད་བསྟེན་གྱི་ཕན་བདེའི་སྒྲིག་གཞི་སོགས་དམངས་སྲིད་ཞབས་ཞུའི་སྒྲིག་གཞི་དང་ཞབས་ཞུ་བྱ་ཡུལ་གྱི་གནོད་འཚེའི་གནས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཁོང་དུ་ཆུད་པར་བྱས་ཏེ། སྒྲིག་གཞིའི་བདེ་འཇགས་ཐད་ཀྱི་ཉེན་ཁར་གང་མགྱོགས་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། གཏོར་སྐྱོན་ཕོག་ཚད་ཆུང་བའི་སྒྲིག་གཞིའི་སྐྲུན་དངོས་བརྟན་གཏོང་དང་ཉེན་ཁ་གྲལ་བཤེར་བྱེད་པ། ཞོར་ཐོན་གནོད་འཚེ་མི་ཐོན་པར་བྱེད་པ། སྒྲིག་གཞིའི་ནང་གི་རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། གནོད་འཚེ་ཕོག་ཁུལ་གྱི་ཁ་ཐོར་ལྟ་རྟོག་བྱེད་དགོས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། ཁ་ཐོར་དུ་སྡོད་པའི་དྭ་ཕྲུག གསོ་མཁན་དངོས་སུ་མེད་པའི་བྱིས་པ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན། དབང་པོ་སྐྱོན་ཅན། ཉམ་ཐག་བྱིས་པ། སློང་མོ་བ་བཅས་ལ་སྐོར་ཞིབ་འཚམས་འདྲི་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁ་ཐོར་ལྟ་རྟོག་བྱ་ཡུལ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། ཁ་ཐོར་དུ་སྡོད་པའི་དྭ་ཕྲུག གཞིས་ལུས་བྱིས་པ་བཅས་ཀྱི་མངགས་བཅོལ་ལྟ་རྟོག་ཞབས་ཞུ་དང་ལྟ་སྐྱོང་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གནོད་འཚེའི་དབང་གིས་རྒན་རྒོན་དང་བྱིས་པར་ལྟ་རྟོག་བྱེད་མཁན་མེད་པ་སོགས་ཀྱི་དམིགས་བསལ་ཚོགས་སྤྱིའི་རོགས་སྐྱོབ་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་ཐུབ་པ་བྱེད་དགོས།
《བརྡ་ཐོའི》ནང་ནན་བཤད་བྱས་དོན། འཕྲལ་སྡོམ་དོ་དམ་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་སྒུལ་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་གནོད་འཚེ་ཕོག་མཁན་གྱི་རོགས་སྐྱོབ་སྲིད་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པ། རོགས་སྐྱོབ་སྲིད་ཇུས་དང་བྱེད་ཐབས་ཁག་སྤྱི་འདོམས་སུ་སྤྱོད་པ་བཅས་བྱས་ནས། ཆ་རྐྱེན་དང་འཚམ་པའི་གནོད་འཚེ་ཕོག་པའི་མང་ཚོགས་རོགས་སྐྱོབ་འགན་ལེན་ཁྱབ་ཁོངས་ནང་འཇུག་དགོས།
《བརྡ་ཐོའི》ནང་བླང་བྱ་བཏོན་དོན། གེགས་ཁུལ་གྱི་དགོས་མཁོག་དངོས་ལ་གཞིགས་ནས། སྤྱི་ཚོགས་ཀྱི་དགེ་སྒྲུབ་སྟོབས་ཤུགས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་དང་རོགས་སྐྱོར་ནང་གོ་རིམ་ལྡན་པའི་ངང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། དགེ་སྒྲུབ་རྩ་འཛུགས་ཀྱིས་ཞལ་འདེབས་དངུལ་དང་དངོས་པ་བསྡུ་ལེན་དང་བགོ་རྒྱུར་མཛུབ་ཁྲིད་བྱས་ནས་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།