དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྩེ་སེམས་དང་ལྟ་རྟོག་ལ་བརྟེན་ནས་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་མཚན་སྒྲོལ་ཐུབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    ཟླ་1ཚེས་7ཉིན་གྱི་དགོང་མོ་ནི། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྱི་མཚན་མོ་དང་པོ་དེ་རེད། ཇི་ལྟར་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ་དང་། ཆུ་ཁོལ་འཐུང་རྒྱུ་ཡོད་པ། གུར་ནང་སྡོད་རྒྱུ་ཡོད་པ། དྲོ་སོབ་སོབ་ངང་མཚན་སྒྲོལ་ཐུབ་པ་བཅས་འགན་ལེན་བྱེད་པ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།

    གནད་དོན་འདི་དག་ལ་དམིགས་ནས་གསར་འགོད་པ་མཚན་མོ་དེ་རང་དུ་དིང་རི་རྫོང་གྲམ་སོ་ཤང་དང་མཚོ་སྒང་ཤང་ལ་བསྐྱོད་དེ་གནོད་འཚེ་ཕོག་ཁུལ་གྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཀུན་སེམས་གཅིག་སྒྲིལ་བྱས་ནས་སྤྱིར་བཏང་མིན་པའི་མཚན་མོ་དེ་ཇི་ལྟར་བྱས་ནས་བསྐྱལ་མིན་ཤེས་རྟོགས་བྱས་པ་ཡིན།

    ཟླ་1ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར། གྲམ་སོ་ཤང་རྩྭ་གྲོང་ཚོའི་རྒྱལ་ལམ་219ཉེ་འགྲམ་གྱི་བཀོད་སྒྲིག་ས་ཚིགས་སུ་གུར་དང་། མལ་ཆས། ཀམ་པ་ལི་སོགས་འཕྲལ་སྡོམ་དངོས་ཟོག་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་གཉིས་སླེབས་རྗེས། ཏང་ཡོན་ལས་བྱེད་པ་དང་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་སོགས་རོགས་སྐྱོབ་མི་སྣས་འཕྲལ་དུ་དངོས་ཟོག་ཕབ་ནས་གུར་ཕུབ་པ་དང་མང་ཚོགས་མི་ཉུང་བ་ཞིག་ཀྱང་རང་འགུལ་ངང་རོགས་རམ་བྱེད་པར་ཡོང་ཡོད་པ་རེད།

    ཟླ་1ཚེས་8ཉིན་གྱི་དགོང་མའི་ཆུ་ཚོད་བཅུ་གཉིས་ཡས་མས་སུ། གྲམ་སོ་ཤང་མགུ་རིང་གྲོང་ཚོར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་9བར་ཆག་ནས་ཕྱི་རོལ་དུ་གྲང་ངར་ཤིན་ཏུ་ཆེ་ཡང་གུར་ནང་དྲོ་སོབ་སོབ་ཡོད་པ་རེད།

    ཡུལ་མི་ཚེ་རིང་སྟོབས་རྒྱལ་གྱིས་སྲིང་བལ་གྱི་ཕོ་ཁེབས་ཐོག་བཙུགས་ཕྲུག་མཐུག་པོ་ཞིག་གྱོན་ནས་དྲོ་སོབ་སོབ་ངང་ནང་མི་ཚོ་དང་ཁ་བརྡ་གློད་བཞིན་ཡོད་པ་རེད།

    ས་ཡོམ་བརྒྱབ་རྗེས། ཚེ་རིང་སྟོབས་རྒྱལ་གྱི་ནང་མི་ཚོས་རང་ཉིད་ཉེན་ཁ་ལས་ཐར་རྗེས་གྲོང་ཚོ་གཅིག་པའི་ཡུལ་མི་མང་པོ་སྐྱོབ་རོགས་བྱས་ཤིང་། རང་གི་ཚ་བོ་རྣམ་ཀུན་བཞིན་གྲུང་ཤ་དོད་པོ་ཡོད་པ་མཐོང་དུས། ཚེ་རིང་སྟོབས་རྒྱལ་གྱི་སེམས་པ་གཞི་ནས་ལྷོད་ལ་བབས། “ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། རོགས་སྐྱོབ་མི་སྣ་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། གལ་ཏེ་ཁྱེད་ཚོ་མེད་ན། དོ་དགོང་ང་ཚོ་འཁྱགས་ནས་ལྟོགས་པར་ལུས་རྒྱུ་རེད་འདུག”ཅེས་བརྗོད།

    བྲག་བྱང་གྲོང་ཚོ་བརྒྱུད་སྐབས་མེ་ཕུང་ཆེན་པོ་ཞིག་དམར་ལམ་ལམ་དུ་འབར་བ་མཐོང་ཞིང་། མེ་ཕུང་དང་ཐག་མི་རིང་བའི་སར། ལས་བྱེད་པ་དང་མང་ཚོགས་བཅུ་གྲངས་ཀྱིས་མཉམ་དུ་གེགས་སེལ་གུར་འབུབས་བཞིན་ཡོད། སྐབས་དེ་དུས་མཚན་མོའི་ཆུ་ཚོད་གཉིས་པ་ཟིན་གྲབས་ཡོད་པ་རེད།

    བྲག་བྱང་གྲོང་ཚོའི་ཏང་ཡོན་ཉི་མ་བཀྲ་ཤིས་ཀྱིས། “འདི་ནི་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་ས་ཚིགས་ཤིག་རེད། ད་ལྟའི་དུས་འདིར་གྲོང་ཚོའི་རྒན་རྒོན་དང་། བུད་མེད། བྱིས་པ་མང་ཆེ་བ་ཉལ་ཚར་སོང་། ང་ཚོ་གཉིད་ཁུག་ཐབས་བྲལ་བས། སྐབས་དེ་དང་བསྟུན་ནས་གུར་ལྷག་མ་དག་ཕུབ་ནས་ཚང་མ་སྔ་ཙམ་སྡོད་ཐུབ་པར་བྱེད་ཀྱི་ཡོད”ཅེས་བརྗོད།

    ཉི་མ་བཀྲ་ཤིས་ཀྱིས་ཕ་ཡུལ་དུ་ས་ཡོམ་བརྒྱབ་པ་ཐོས་འཕྲལ། ཕྲུ་གུར་སྨན་བཅོས་ཀྱང་མ་བྱས་པར། དེ་མ་ཉིད་དུ་གཞིས་རྩེ་གྲོང་ཁུལ་ནས་ཕ་ཡུལ་ལ་ལོག་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས་ཡོད།

    ཉི་མ་བཀྲ་ཤིས་ཀྱིས། “རོགས་སྐྱོབ་གྲུབ་རྗེས། ང་ཚོར་གཏེར་ཆུ་དང་སྟབས་བདེའི་ཐུག་པ་སོགས་བཟའ་བཅའ་དང་སྲིང་བལ་གྱི་གྱོན་ཆས་དང་ཕོ་ཁེབས་སོགས་རག་བྱུང” “ཉིན་མོར་གུར་ཕུབ་ནས་ལྕགས་ཐབ་བཙུགས་པ་དང་། ཁ་གདན་བཏིང་ནས་ཉལ་ཆས་བཟོས་པས། ཚང་མས་གུར་ནང་དུ་དྲོ་སོབ་སོབ་ངང་མཚན་མོ་སྐྱེལ་ཆོག”ཅེས་བརྗོད།

    ཛ་དྲག་ལ་ཉེན་ཁ་ཆེ་བའི་ཉིན་མོ་དེ་མཇུག་བསྒྲིལ་རྗེས་ཀྱི་མཚན་མོར། ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་མང་ཚོགས་མང་ཆེ་བ་གཉིད་དུ་ཡུར། གེགས་སེལ་གུར་གྱི་ཕྱི་རོལ་དུ་གློག་སྒྲོན་སྤར་ཡོད་སྟབས་དཀར་ཆ་དོད། ས་གནས་དེ་གའི་ཏང་ཡོན་ལས་བྱེད་པ་དང་། མི་དམངས་བཅིངས་འགྲོལ་དམག སྤྱི་བདེ་མི་དམངས་ཉེན་རྟོག་པ། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ། མེ་ཟོན་བཀོད་འཐབ་པ་སོགས་རོགས་སྐྱོབ་མི་སྣས་རང་འགན་རང་ཁུར་གྱིས་མང་ཚོགས་རྣམས་གནོད་འཚེ་ཕོག་རྗེས་ཀྱི་མཚན་མོ་དང་པོ་བདེ་འཇགས་ངང་སྒྲོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    བོད་ལྗོངས་དགུང་སྔོན་རོགས་སྐྱོབ་རུ་ཁག་མཐུན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཏུང་ཤུས་ཀྱིས་ཨ་མ་རྒན་མོ་ཞིག་ལ་ཕོ་ཁེབས་བསྐྱལ་རྗེས། རུ་མི་གཞན་དང་མཉམ་དུ་སྦི་ཅི་ལི་སྤར་ཏེ་གུར་རེ་རེ་བཞིན་བསྐྱོད་དེ། མང་ཚོགས་ལ་ཉལ་ཆས་འདང་མིན་དང་དགོས་མཁོ་གཞན་དག་ཡོད་མེད་དྲིས་པ་རེད། ས་ཡོམ་བརྒྱབ་རྗེས། བོད་ལྗོངས་དགུང་སྔོན་རོགས་སྐྱོབ་རུ་ཁག་གི་ཏང་ཀྲི་པུས་འཕྲལ་དུ་རྒྱལ་ཁབ་འཕྲལ་སྡོམ་རོགས་སྐྱོབ་པའི་ཐོབ་ཐང་ལག་ཁྱེར་ཡོད་པའི་རུ་མི་18བདམས་ནས་འཕྲལ་རྒོལ་རུ་ཁག་བཙུགས་ཐོག རོགས་སྐྱོབ་ཀྱི་ཆེད་ལས་སྒྲིག་ཆས་ཁྱེར་ནས་ཟིང་དཀར་གྲོང་ཚོར་འཕྲལ་སྡོམ་རོགས་སྐྱོབ་དང་། མང་ཚོགས་ལ་སེམས་གསོ། བཀོད་སྒྲིག་ས་ཚིགས་སུ་སྐོར་ཞིབ་སོགས་ཀྱི་ལས་དོན་སྤེལ་བར་བསྐྱོད་པ་རེད།

    བཀོད་སྒྲིག་ས་ཚིགས་ཀྱི་ཕྱོགས་གཞན་ཞིག་ཏུ། གཞིས་རྩེའི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཝང་ཆང་གིས་བཀོད་སྒྲིག་ས་ཚིགས་སུ་མེ་ཟོན་སྐོར་ཞིབ་བྱས་ཚར་མ་ཐག་ཡིན་པ་རེད། མེ་ཟོན་རོགས་སྐྱོབ་དཔུང་ཁག་ནི་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། གེགས་ཁུལ་གྱི་ས་ཆ་གང་ས་ནས་མེ་ཟོན་རོགས་སྐྱོབ་རླངས་འཁོར་དང་སྒྲིག་ཆས་སྣ་ཚོགས་མཐོང་རྒྱུ་ཡོད། མ་ཟད་ཁོང་ཚོ་ནི་ཡུལ་དངོས་སུ་འབྱོར་སྔ་ཤོས་ཀྱི་དཔུང་ཁག་རེད། ཝང་ཆང་གིས། ས་རུབ་རྗེས། ང་ཚོས་གཙོ་བོ་བཀོད་སྒྲིག་ས་ཚིགས་ཀྱི་མེ་ཟོན་སྐོར་ཞིབ་དང་གློག་སྤྱོད་བདེ་འཇགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། དཔུང་ཁག་སོ་སོས་ཀྱང་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། དུས་བཀག་དང་དུས་ངེས་མེད་དུ་ཞིབ་བཤེར་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཞོགས་པའི་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་ནམ་རྦད་དེ་ལངས་མེད་པས། དེ་ནི་ཉིན་གཅིག་གི་གྲང་ཤོས་རེད། དིང་རི་རྫོང་མཚོ་སྒང་ཤང་ཐང་རི་གྲོང་ཚོའི་ཡུལ་མི་ངག་དབང་རྡོ་རྗེས་དངོས་ཟོག་འབེབས་རོགས་བྱེད་ཅིང་། གུར་དང་། སྲིང་བལ་གྱི་གྱོན་ཆས། སྲིང་བལ་གྱི་ཕོ་ཁེབས་བཅས་བྱུར་བུར་བླུགས་པའི་རླངས་འཁོར་རྒྱུན་མི་ཆད་པར་ཡོང་བ་མཐོང་སྐབས། ཁོང་གིས། “ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་བྱམས་སེམས་ཅན་ཚོས་ང་ཚོར་དྲོ་སྐྱིད་སྦྱིན་པར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོའི་སེམས་པ་ཚ་སོབ་སོབ་ཏུ་གྱུར་སོང”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།